རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་རིང་མཚོ་སྔོན་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བདུན་སྟོང་བཞི་བཞི་བརྒྱ་སྣེ་ལེན་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྲོམ་རར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བ་དང་ཁྲོམ་ར་དར་རྒྱས་ཆེ་བ། འཛད་སྤྱོད་འཕར་བ། བདེ་འཇགས་ཡིན་ལ་གོ་རིམ་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་ཞིང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ས་ཡ་གསུམ་དང་འབུམ་ལྔ་ཁྲི་བདུན་སྟོང་བཞི་བཞི་བརྒྱ་སྣེ་ལེན་བྱས་པ་དེ་དུས་མཉམ་ལས13.92%འཕར་བ་དང་། ཡུལ་སྐོར་འགྲོ་གྲོན་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གསུམ་ས་ཡ་དགུ་མངོན་འགྱུར་བྱུང་བ་དང་། དེ་དུས་མཉམ་ལས14.47%འཕར་ཡོད།

རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་སུ། མཚོ་སྔོན་དང་ཀན་སུའུ་ཡི་སྐོར་ལམ་ཡུལ་སྐོར་རྒྱུན་མཐུད་ངང་དར་རྒྱས་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རར་སྒུལ་ཤུགས་བསྣན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། འཛད་སྤྱོད་པའི་དགོས་མཁོ་སྐོང་བ་དང་། ལས་རིགས་གསར་པ་དང་རྣམ་པ་གསར་པ། ཐོན་རྫས་གསར་པ་བཅས་རྒྱུན་ཆད་མེད་པར་ཐོན་ནས། འཛད་སྤྱོད་ཀྱི་གསོན་ཤུགས་གསར་པར་སྐུལ་སྤེལ་བཏང་ཡོད། མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོ་སོགས་མཛེས་ལྗོངས་ཁུལ་ནི་སྔར་བཞིན་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་བས་ངེས་པར་དུ་འདེམས་དགོས་པའི་ས་ཆ་ཞིག་ཡིན། ཁྲའར་ཧན་ཚྭ་མཚོ་དང་ཧའེ་ཏུའུ་ཧྲན་སོགས་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་གྱི་ཡུལ་སྐོར་བ་འགྲོ་ཐེངས་ཆེས་མང་པའི་ས་ཁུལ་གསར་པ་རུ་གྱུར་ཡོད། ཕིན་ཨན་དབྱི་རྨ་ཙོང་རིག་གནས་ཉམས་ལེན་བྱ་ཡུལ་སོགས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་རྣམས་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་ཐོག་མའི་གདམ་ག་རུ་གྱུར་ཡོད། ཤར་རྒྱུད་ཀྱི་ཐག་ཉེ་སའི་གྲོང་གསེབ་ཡུལ་སྐོར་སྔར་བཞིན་ཚ་ཚ་འུར་འུར་དུ་གྱུར་ཡོད་ཅིང་། ཞིང་ཆེན་ནང་ཁུལ་དང་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཡུལ་སྐོར་བ་ཕེབས་པར་འགུགས་ཤུགས་བསྩལ་ཡོད།

རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་སུ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ནས།“ཟླ་བ་ཉ་གང་བའི་སྐབས་སུ་མེས་རྒྱལ་གྱི་འཁྲུངས་སྐར་བསུ་བ་དང་ཁྱིམ་ཚང་དང་རྒྱལ་ཁབ་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ་བའི”2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དགའ་སྟོན་གྱི་བྱེད་སྒོ་སྤེལ། བྱེད་སྒོ་དེ་འཁྲབ་སྟོན་དང་ཟློས་གར་ལ་རོལ་མྱོང་བྱེད་པ་དང་སྟོན་དུས་ཀྱི་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་པ། ཟླ་མཆོད་དུས་ཆེན་སྐབས་སུ་བཟའ་མི་མཉམ་འཛོམས་བྱེད་པ། རིག་གནས་ཉམས་ལེན་དང་སྐྱེ་ཁམས་ཡུལ་སྐོར། ཞིབ་སྦྱོང་བྱེད་སྒོ་སོགས་ཀྱི་ཐད་ལ་དམ་པོར་དམིགས་ཏེ། རིག་རྩལ་འཁྲབ་སྟོན་དང་སྐྱེ་ཁམས་ཡུལ་སྐོར། རིག་གནས་ཉམས་ལེན། མང་ཚོགས་ཀྱི་རིག་གནས་བྱེད་སྒོ། འགྲེམས་སྟོན་འགྲེམས་གཏོང་། ལྟ་ཀློག་ཁྱབ་སྤེལ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་མཉམ་འདྲེས་བཅས་ཀྱི་ཁག་ཆེན་པོ7ལ་ལས་གཞི145ཇུས་འགོད་བྱས་ནས། ཁྱོན་བསྡོམས་རིག་གནས་ཡུལ་སྐོར་བྱེད་སྒོ་ཐེངས608སྤེལ། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གི“མཚོ་སྔོན་ལོ་རྒྱུས་རིག་དངོས་འགྲེམས་སྟོན”དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི“འབྲི་ཆུའི་འབབ་རྒྱུད་ཀྱི་རིག་གནས་པར་ལེན་བརྩམས་ཆོས་ཕུལ་བྱུང་འགྲེམས་སྟོན”སོགས་འགྲེམས་སྟོན་ལས་སྒོ་མང་པོ་ཞིག་ལ་ས་གནས་ཁག་གི་ཡུལ་སྐོར་བའི་དགའ་བསུ་ཐོབ། གུང་གསེང་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རྟེན་རྫས་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་མཁན་ཁྱོན་མི་ཐེངས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔ་བརྒྱད་བརྒྱ་ཡོད་ཅིང་། དེ་ལོ་གོང་མ་ལས32.06%འཕར་ཡོད། ཞིང་ཆེན་དཔེ་མཛོད་ཁང་གིས་ཀློག་པ་པོ་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་སུམ་བརྒྱ་སྣེ་ལེན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།