སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཅུག
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཟླ10པའི་ཚེས9ཉིན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྡ་སྦྱོར་སྤེལ་ཏེ།  སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་བཅུག་པར་མ་ཟད།  སྐོར་ཐེངས་བཅུ་གཅིག་པའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་མིང་ཐོའི་ནང་བཅུག

རྒྱུས་ལོན་བྱུང་བ་ལྟར་ན།  སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ནི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་ཐེངས་བཞི་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།  རང་རྒྱལ་གྱིས་མིག་སྔར་ཤེས་རྟོགས་བྱུང་ཡོད་པའི་ཁྲོད་སྔར་གནས་སུ་ཡོད་པ་དང་ས་བབ་མཐོ་ཚད་ཆེས་མཐོ་བའི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་གཅིག་པུ་ཡིན།  རྡོ་བརྐོས་དེ་ཤེས་རྟོགས་བྱུང་བ་དེས།  ཆིན་རྒྱལ་རབས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་རིག་གནས་ཀྱི་རྣམ་པ།  ས་ཁམས་ཀྱི་གནས་བབ་དང་གནའ་དུས་ཀྱི་འགྲིམ་འགྲུལ་ལམ་ཐིག་སོགས་ཀྱི་ཞིབ་འཇུག་ལ་ལོ་རྒྱུས་རིན་ཐང་དང་སྒྱུ་རྩལ་རིན་ཐང་།  ཚན་རིག་རིན་ཐང་བཅས་གལ་ཆེན་ལྡན།

སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱི་སྲུང་སྐྱོབ་དང་དོ་དམ།  བེད་སྤྱོད་བཅས་ཀྱི་བྱ་བར་ཤུགས་སྣོན་ཏན་ཏིག་བྱེད་ཆེད།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་དེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་འཇུག་པ་དང་།  སྐོར་ཐེངས་བཅུ་གཅིག་པའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་མིང་ཐོའི་ཁྲོད་འཇུག་རྒྱུ་ཐག་གཅོད་བྱས་པར་མ་ཟད་སྤྱི་བསྒྲགས་བྱས།

སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཀྱི་བྱང་ངོགས་སུ་ཡོད་ལ།  ཆིན་ཧྲི་ཧོང་གིས་དཔོན་དམག་དང་སྨན་རྫས་བཙོ་སྦྱང་མཁན་མཚོ་སྔོན་ཁུ་ནུ་རི་བོར་སྨན་འཐུ་རུ་མངགས་པའི་ལོ་རྒྱུས་བཀོད་ཡོད།  2025ལོའི་ཟླ6པ་ནས་བཟུང་།  རྒྱལ་ཁབ་རིག་དངོས་ཅུའུ་ཡི་བཀོད་སྒྲིག་ལྟར།  ཀྲུང་གོའི་རིག་གནས་ཤུག་བཞག་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་གླིང་གིས་ཆེད་དོན་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ།  རྡོ་སྤུས་རིག་དངོས་སྲུང་སྐྱོབ་དང་ཆིན་ཧན་གནའ་རྫས།  གནའ་རབས་ཡི་གེ་དང་ཡིག་གཟུགས་བརྐོ་འབྲི་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་བསྡུ་རུབ་བྱས་ཏེ་ཡུལ་དངོས་ནས་རྟོག་ཞིབ་དང་རིགས་སྒྲུབ་ཚོགས་འདུ་བསྡུས།  གཟབ་ནན་གྱིས་ཞིབ་འཇུག་བྱས་པ་བརྒྱུད།  རྡོ་བརྐོས་དེ་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཡིན་པར་ངོས་འཛིན་བྱས་པ་དང་།  མིང་ལ“སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས” ཞེས་བཏགས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།