མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་དུས་མཚུངས་ལས14.13%འཕར་ཡོད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

2025ལོའི་རྒྱལ་སྟོན་དང་ཟླ་མཆོད་གུང་གསེང་སྐབས་སུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་དང་ཁྲི་གཅིག་སྟོང་གཉིས་བརྒྱད་བརྒྱ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས14.13%འཕར་ནས་ཡུལ་སྐོར་སྣེ་ལེན་གྱི་ཟིན་ཐོ་གསར་པ་བསྐྲུན། མཛེས་ལྗོངས་ཁུལ་གྱིས་རང་བྱུང་སྐྱེ་ཁམས་དང་མི་རིགས་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས། ཡུལ་སྐོར་བ་ཚོར་སྟོན་ཀའི་ཡུལ་ལྗོངས་དང་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པའི“སྐྱེ་ཁམས་ཀྱི་གསོལ་སྟོན་ཆེན་མོ”ཞིག་ངང་གིས་བཤམས།

རྒྱལ་སྟོན་དང་ཟླ་མཆོད་ཀྱི་གུང་གསེང་བསུ་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིསཟླ9པའི་ཚེས20ཉིན་ནས10པའི་ཚེས31ཉིན་བར་སོ་སོར། “དུས་ཆེན་གཉིས་རྟེན་འབྲེལ་ཞུ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།“ཁྱིམ་ཚང་དང་རྒྱལ་ཁབ་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ་བ་དང་མེ་ཏོག་གི་རྒྱ་མཚོའི་ཀློང་ཡངས་སར་འཆམ་འཆམ་བྱེད་པ”ཞེས་པའི་མེ་ཏོག་ལ་བལྟ་བའི་དུས་ཚིགས་དུས་མཉམ་དུ་སྤེལ་ཏེ། སྐལ་བཟང་མེ་ཏོག་དང་སྤང་རྒྱན་མེ་ཏོག་ཕན་ཚུན་འགྲན་པ་བཞིན་དུ་བཞད་ནས། ཡུལ་སྐོར་བས་མཚོ་མོའི་འགྲམ་གྱི་མེ་ཏོག་གི་ཞིང་ཐང་དུ་འཆམ་འཆམ་བྱས་ནས་ཡུལ་ལྗོངས་ཀྱི་མཛེས་པ་ཉམས་སུ་མྱངས། ཟླ10ཚེས3ཉིན་ནས་ཚེས5ཉིན་བར་འཚོགས་པའི་མཚོ་མོའི་འགྲམ་གྱི་རོལ་དབྱངས་སྤྲོ་ཚོགས་ཀྱིས་ཡུལ་སྐོར་བར་འཇམ་སྙན་རོལ་དབྱངས་དང་དམངས་གཞས། དར་ཁྱབ་ཆེ་བའི་རོལ་དབྱངས་བཅས་གཙོར་བཟུང་ནས་ལོངས་སྤྱོད་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས། ཨ་མདོའི་རྡུང་ལེན་དཀྲོལ་ལེན་འཁྲབ་སྟོན་དང་། དེང་རབས་བོད་ཀྱི་རྒྱན་གོས་འཁྲབ་སྟོན། རྩེད་རིག་འཁྲབ་སྟོན་སོགས་རིག་གནས་བྱེད་སྒོས་ཡུལ་སྐོར་བས་རང་གི་ཐག་ཉེ་ས་ནས་ས་གནས་ཀྱི་རིག་གནས་མཛེས་པར་རོལ་མྱོང་བྱེད་ཀྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།