
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་ཀྱི་སྐབས་སུ། མཚོ་སྔོན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱིས་དུས་ཆེན་རོལ་བ་དང་། ཉེན་རྟོག་པ་ལས་གནས་སུ་ཞུགས་པ་རྒྱུན་འཁྱོངས་བྱས་ཤིང་། ནོར་འཁྲུལ་དང་སྐྱོན་ཆ་གཅིག་ཀྱང་མི་འབྱུང་བའི་ཚད་གཞི་དང་སྤུས་ལེགས་ཞིབ་ཚགས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། ཕྱོགས་ཡོངས་ནས་བདེ་སྲུང་བརྟན་སྲུང་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ལ་ནུས་ལྡན་སྒོས་སྲུང་སྐྱོང་བྱས། དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་དང་མཐོ་རིམ་སློབ་གྲྭ། འགྲིམ་འགྲུལ་སྦྲེལ་གནས་སོགས་ཁུལ་གནས་ཀྱི་སྒྲིག་སྲོལ་ལེགས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་གེགས་མེད་ཡིན་ཕྱིར། དུས་ཆེན་སྐབས་སུ་བདེ་འཇགས་འཆམ་མཐུན་གྱི་སྣང་ཚུལ་མངོན།
ཞིང་ཆེན་སྤྱི་བདེ་ཐིན་གྱི་ཏང་ཨུས་དུས་ཆེན་གྱི་བདེ་སྲུང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བདེ་སྲུང་བརྟན་སྲུང་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་དང་བཀོད་སྒྲིག་བྱས། གསང་འཕྲིན་དང་བཀོད་འདོམས། འགུལ་སྐྱོད་བཅས་གཞི་གཅིག་ཅན་འཁོར་སྐྱོད་རྐྱེན་སྲོལ་སྣེ་ཁྲིད་དུ་བྱས་ནས། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་དམིགས་པ་དང་། ཉིན་རེར་གྲོས་མོལ་ཞིབ་གཅོད་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་ཉེན་བརྡའི་འགོག་སྲུང་ཇེ་མཐོར་བཏང་། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེ་དྲག་ཆས་ཉེན་རྟོག་པའི་མཉམ་འབྲེལ་ལས་རེས་དྲག་ཆས་སྐོར་ཞིབ་སོགས་ཀྱི་རྐྱེན་སྲོལ་བཞི་དང་སྐར་མ་གཅིག་དང་སྐར་མ་གསུམ། སྐར་མ་ལྔ་བཅས་ཀྱི་མགྱོགས་མྱུར་དང་ལེན་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། ས་ཁུལ་གཙོ་བོར་ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཐག་གཅོད་བྱ་བ་སྤེལ་ཞིང་། ཉིན་རེར་ཆ་སྙོམས་ཀྱིས་ཉེན་རྟོག་པ་མི་ཐེངས་སྟོང་བདུན་ལྷག་མངགས་ནས། སྤྱི་ཚོགས་བདེ་སྐྱོང་ཚོད་འཛིན་ནུས་པ་སྔར་ལས་མཐོར་འདེགས་བཏང་། ཞིང་ཆེན་ཡོངས་ཀྱི་བདེ་སྐྱོང་གྱོད་དོན་དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་བདུན་གསུམ་མར་ཆག་ཡོད་ལ། ཉེས་དོན་གྱོད་དོན་ཚབས་ཆེན་དང་སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གྱོད་དོན་ཚབས་ཆེན་བྱུང་མེད།
གུང་གསེང་སྐབས་སུ་མི་ཚོགས་འདུས་སྡོད་མང་ལ་རླངས་འཁོར་མང་པའི་ཁྱད་ཆོས་ལ་དམིགས་ནས། མཚོ་སྔོན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་དང་། ཞིང་ཆེན་ནང་ཁུལ་གྱི་ལྗོངས་ཁུལ་ཆེན་པོ་སོ་སོ་དང་ཚོང་རའི་ཐང་ཆེན་སོགས་མི་ཚོགས་འཚང་ཁ་ཆེ་ས་དང་། ནུབ་བྱང་འཁོར་རྒྱུག་ལམ་ཐིག་ཆེན་མོ་ཞེས་པའི་ཡུལ་སྐོར་ལམ་ཐིག་གི་སྐོར་སྲུང་ཚོད་འཛིན་ཇེ་དམ་དུ་བཏང་སྟེ། བགྲོད་ལམ་འགྲིམ་འགྲུལ་དང་བྱ་འགུལ་ཆེན་མོའི་བདེ་འཇགས་དོ་དམ་ནན་མོར་བཏང་ལ། སྤྱི་བའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་ནན་མོ་བྱས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁའི་སྔོན་བརྡ་དང་གནམ་གཤིས་མི་ལེགས་པའི་སྔོན་བརྡ་སོགས་ཀྱི་ཆ་འཕྲིན་ཐེངས་བཅོ་བརྒྱད་ལ་ཁྱབ་བསྒྲགས་བྱས་པ་དང་། མྱུར་ཚད་ལས་བརྒལ་བའི་འགྲུལ་བཞུད་སོགས་བགྲོད་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད6490ཞིབ་བཤེར་ཐག་གཅོད་བྱས་ཤིང་། ཅུང་ཚབས་ཆེ་བའི་བགྲོད་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་མེད་ལ། དུས་ཡུན་རིང་ཞིང་གཞི་ཁྱོན་ཆེ་བའི་འགྲིམ་འགྲུལ་འཚང་ཁ་བྱུང་མེད་པས། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་འཁོར་རྒྱུག་ཐད་བརྟན་བརླིང་རིམ་ལྡན་གྱི་གནས་བབ་སྲུང་འཛིན་བྱས།
ལྷ་མོ་འཚོས་བསྒྱུར།