མཚོ་སྔོན་གྱིས་རྒྱལ་ཡོངས་ལྗང་མདོག་ཟས་རིགས་མ་རྒྱུ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བཅོ་བརྒྱད་བཙུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ10པའི་ཚེས10ཉིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་ལྗང་མདོག་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་ཉེ་ལམ་རྒྱལ་ཡོངས་ལྗང་མདོག་ཟས་རིགས་མ་རྒྱུ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་གྱི་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ཞིང་གི་ཧའོ་མིན་ཞིན་ཡོན་ཞིང་ལས་ཚད་ཡོད་ཀུང་ཟི་དང་། ཧོང་ཀྲུང་ཆུས། ཕིན་ཨན་ཆུས་སོགས་ཐོན་སྐྱེད་རྟེན་གཞི་གསུམ་རྒྱལ་ཁབ་རིམ་པའི་དཔེ་མཚོན་ཁྲོད་དུ་བདམས་ཐོན་བྱུང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་ལྗང་མདོག་ཟས་རིགས་མ་རྒྱུ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་བཅོ་བརྒྱད་བཙུགས་ཡོད་ལ། གཙོ་བོ་ཧོང་ཀྲུང་དང་རྟ་ཐང་། སྟོང་སྐོར། ཕིན་ཨན། ཧུའུ་ཀྲུའུ། མིན་ཡོན། གཏེར་ལམ། ཐུན་རིན། ཀོས་ནན་སོགས་རྫོང་དང་ཆུས་ལ་ཁྱབ་ཅིང་། ནས་དང་ལོག་དཀར། གྲོ། རྒྱ་སྲན། འཕང་འབྲས། ཞོག་ཁོག་སོགས་མཚོ་སྔོན་གྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འདུས་ཡོད།

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་པའི་འཐབ་ཇུས་ཀྱི་དམིགས་འབེན་ལ་དམ་པོར་གཞིགས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་དགེ་མཚན་ལེགས་པར་འདོན་པ་དང་། རྒྱལ་ཡོངས་ལྗང་མདོག་ཟས་རིགས་མ་རྒྱུ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་པ་དང་མཐོར་འདེགས་གཏོང་བ་དེ་འགག་རྩའི་བྱེད་ཐབས་དང་རྨང་གཞིའི་རང་བཞིན་གྱི་ལས་གཞིར་བརྩིས་ནས། མུ་མཐུད་དུ་ནུས་ཤུགས་འདོན་པ་དང་། གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་དགོས་ལ། རྩ་འཛུགས་དོ་དམ་མ་ལག་དང་འགན་འཁྲིའི་རྒྱུགས་བཤེར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བརྒྱུད་དེ། གཅིག་གྱུར་དང་ཚད་ལྡན་གྱི་ཐོན་སྐྱེད་བཀོལ་སྤྱོད་ལས་རིམ་དང་ལག་རྩལ་ཚད་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ལས་ཐད་བཀོལ་བའི་ཐོན་རྫས་བེད་སྤྱོད་དོ་དམ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པར་ཤུགས་བསྣན་ནས། རང་ཞིང་གི་ལྗང་མདོག་ཟས་རིགས་མ་རྒྱུའི་འདོན་སྤྲོད་ནུས་པ་སྔར་ལས་ཇེ་ཆེ་དང་ཐོན་རྫས་ཀྱི་སྤུས་ཀ་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་།

ལྷ་མོ་འཚོས་བསྒྱུར།