མཚོ་སྔོན་ཞིང་ཆེན་གྱིས་བརླན་སར་སྲུང་སྐྱོབ་བྱེད་པའི་ས་གནས་ཀྱི་ཚད་གཞི་གཉིས་ཁྱབ་སྒྲོག་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ལམ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས《བརླན་ས་དང་ཆུ་བྱར་དུས་མཉམ་དུ་བརྟག་དཔྱད་བྱེད་པའི་ལག་རྩལ་ཚད་གཞི》དང《བརླན་ས་ཆུང་ངུ་སླར་གསོའི་ལག་རྩལ་ཚད་གཞི》ཞེས་ས་གནས་ཀྱི་ཚད་གཞི་གཉིས་ཁྱབ་སྒྲོག་བྱ་རྒྱུར་ཆོག་མཆན་བཀོད་པར་བརྟེན། དེས་ཞིང་ཆེན་གྱི་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་ཚན་རིག་དང་མཐུན་ཞིང་གཅིག་གྱུར་ཅན་གྱི་ལག་རྩལ་བརྩི་སྲུང་མཁོ་འདོན་བྱས་པ་དང་། ཞིང་ཆེན་གྱི་བརླན་སའི་དོ་དམ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཐུབ།

མཚོ་སྔོན་ཞིང་ཆེན་ནི་བརླན་སའི་ཐོན་ཁུངས་འཛོམས་པོ་ཡིན་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། རང་རེའི་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་བདུན་དང་འབུམ་གཅིག་ཁྲི་གཉིས་སྟོང་བརྒྱད་བརྒྱད་བརྒྱ་ཡོད་ཅིང་། དེས་རྒྱལ་ཡོངས་ཀྱི་བརླན་ས་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ཡོད་པའི་དབང་གིས། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བརླན་ས་དེ་དག་གི་སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་ལ་གལ་འགངས་ཤིན་ཏུ་ཆེ་བར་བརྟེན། དེ་ནི“ཀྲུང་ཧྭའི་ཆུ་མཛོད”ཀྱི་ནུས་པར་སྲུང་སྐྱོབ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལྕགས་རི་བཀན་མོ་བསྐྲུན་པའི་གཞི་རྟེན་གཙོ་བོ་ཞིག་ཡིན། ད་ཐེངས་ཀྱི་ཚད་གཞི་གཉིས་ནི་ཞིང་ཆེན་ནགས་ཚལ་དང་རྩྭ་ས་ཅུའུ་ཡི་བརླན་ས་དོ་དམ་ཁྲུའུ་དང་ཞིང་ཆེན་བརླན་ས་སྲུང་སྐྱོབ་ལྟེ་གནས་ཀྱིས་མཚོ་སྔོན་སློབ་ཆེན་སོགས་ལས་ཁུངས་དང་མཉམ་འབྲེལ་སྒོས་བཟོས་པ་ཞིག་ཡིན་པ་དང་། མཐོ་སྒང་གི་བརླན་སའི་སྐྱེ་ཁམས་ཁྱད་ཆོས་ལ་རྐང་ཚུགས་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་གང་མང་དང་རིགས་པས་ཁུངས་སྐྱེལ་དང་འཐུས་ཚང་ཐེངས་མང་བཏང་མཐར། གཞི་ནས་རང་རེའི་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་ལག་རྩལ་ཚད་ལྡན་མ་ལག་ཅིག་གྲུབ་པ་རེད།

《བརླན་ས་དང་ཆུ་བྱར་དུས་མཉམ་དུ་བརྟག་དཔྱད་བྱེད་པའི་ལག་རྩལ་ཚད་གཞིའི》ནང་བརྟག་དཔྱད་རྩ་དོན་དང་ཇུས་གཞི་བཟོ་བ། གཞི་གྲངས་དོ་དམ་སོགས་ནང་དོན་གཙོ་བོ་ཁ་གསལ་བཟོས་ནས། འཁོར་ཡུན་ཡོངས་ཀྱི་ལྟ་ཞིབ་མ་ལག་བཙུགས་པ་དང་། དཔྱིད་དུས(ཟླ3ནས5བར)དང་སྟོན་དུས(ཟླ9ནས11བར)འདབ་ཆགས་ཡུལ་གཞན་ལ་གནས་སྤོར་བྱེད་སྐབས། ཟླ་རེར་ཉུང་མཐར་ཡང་བརྟག་དཔྱད་ཐེངས1དང་། སྐྱེ་འཕེལ་དུས(ཟླ5ནས8བར)བརྟག་དཔྱད་ཐེངས་གཉིས། དགུན་དུས་སུ་བརྟག་དཔྱད་ཐེངས1བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ཚད་གཞི་འོས་སྦྱོར་ཐད་ཐད་ཀར་གྲངས་ཀ་ལེན་པའི་ཐབས་དང་ཁུལ་དབྱེ་ཐད་གྲངས་ལེན་ཐབས་སོགས་ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱེད་སྟངས་སྤྱད་དེ། རྒྱལ་ཁབ་སྤྱི་གླིང་དང་ཆུ་བྱ་འཚོ་གནས་བྱེད་ས་དཀོན་གྲས་སོགས་ཀྱི་འགག་རྩའི་ས་ཁོངས་སུ་ཁྱབ་པར་བྱས་ཡོད། ཚད་གཞི་དེ་ལག་བསྟར་བྱས་པ་དེས་ཆུ་བྱ་ཐོན་ཁུངས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཡང་དག་རང་བཞིན་ནུས་ལྡན་ངང་ཆེ་རུ་ཕྱིན་ནས། ཁྲུང་ཁྲུང་སྐེ་ནག་སོགས་འདབ་ཆགས་རྩ་ཆེན་སྲུང་སྐྱོང་བྱ་རྒྱུར་གནད་ལ་འཁེལ་བའི་གཞི་གྲངས་འདེགས་སྐྱོར་མཁོ་འདོན་ཐུབ་རྒྱུ་རེད། 《བརླན་ས་ཆུང་གྲས་སླར་གསོ་བྱེད་པའི་ལག་རྩལ་ཚད་གཞིས》རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ600ནས་སྨི་ངོས་སྙོམས་གྲུ་བཞི་མ80000བར་གྱི་ཞན་འགྱུར་ཆེ་བའི་བརླན་ས་ཆུང་ངུ་སླར་གསོ་བྱ་རྒྱུར་དམ་པོར་དམིགས་པ་དང་། དེའི་ཡར་སྔོན་ལ་ཁྱབ་སྒྲོག་བྱས་པའི《བརླན་ས་ཆུང་ ངུའི་ངོས་འཛིན་ཚད་གཞི》དང་ཕན་ཚུན་གསབ་རེས་བྱས་ནས། བརླན་ས་ཆུང་ངུའི་དོ་དམ་མ་ལག་མཉམ་དུ་འཐུས་ཚང་དུ་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།