ཧི་ནན་རྫོང་གིས་དམངས་ཚིས་ལས་གཞི26ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚད་གཞི་ཇེ་མཐོར་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ10བའི་ཚེས10ཉིན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་རང་བྱུང་ཐོན་ཁུངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡི་ལས་བྱེད་པ་ཀྲང་ཞུས་ཞི་ཡིས་བཤད་རྒྱུར།  ང་ཚོས་དམངས་ཚིས་ལེགས་སྒྱུར་གྱི་ལས་འགན་གལ་ཆེན་ལ་དམིགས་ཏེ།  བཙོག་འབུད་ཞོད་འགོག་དང་དྲོད་རླངས་དང་ཆུ་འདོན་སྤྲོད།  གཞིས་སྡོད་ཁོར་ཡུག་སོགས་ཀྱི་དམངས་ཚིས་ལས་གཞི་ལ་ཤུགས་བསྣན་པ་དང་།  ཕྱོགས་ཡོངས་ནས་དམངས་ཚིས་བདེ་སྐྱིད་མཐོར་འདེགས་བཏང་ཡོད་ཟེར།

ཧི་ནན་རྫོང་རང་བྱུང་ཐོན་ཁུངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུའུ་ཡིས་དམངས་ཚིས་སྔོན་དུ་འཇོག་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་དམིགས་འབེན་དུ་བཟུང་ནས།  ད་ལོར་མཐུད་འཛུགས་ལས་གཞི་གསར་པ26དམ་འཛིན་བྱས་པ་དང་།  དུས་ཚིགས་གལ་ཆེན་དང་སྤུས་ཚད་འགག་སྒོ་དམ་འཛིན་ནན་མོ་བྱས་ཏེ།  མིག་སྔར་དམངས་ཕན་ལས་གཞི་ཁག་ཅིག་འཛུགས་གྲུབ་བྱས་པར་མ་ཟད་བེད་སྤྱོད་བྱེད་འགོ་ཚུགས་ཡོད་པས།  དམངས་ཚིས་བདེ་སྐྱིད་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་ཡོད།

དམངས་ཚིས་ཀྱི་ཚད་མཐའ་སྲ་བརྟན་དུ་གཏོང་ཆེད།  ཁྱོན་བསྡོམས་སྤྱི་ལེ90ཉེ་བའི་སྦུག་ལམ་དྲ་བ་ལེགས་སྒྱུར་བྱས་པ་དང་།  དཀྱིལ་དབུས་ཁུལ་དང་སྲང་ལམ་དང་གཞུང་ལམ་གྱི་བཙོག་འབུད་ཞོད་འགོག་ལས་གཞི་གསུམ་ལེགས་འགྲུབ་བྱས་ཏེ།  རྫོང་མཁར་དང་གཙོ་གནད་གྲོང་རྡལ་གྱི་ཞོད་སྐྱོན་གནད་དོན་ཐག་གཅོད་བྱས།  རྫོང་མཁར་གྱི་ཆུ་འདོན་སྦུག་ལམ་དང་།  གྲོང་རྡལ་གྱི་ཆུ་འདོན་བཟོ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་ཆུ་འདོན་འགན་སྲུང་ནུས་པ་མཐོར་འདེགས་བཏང་།  དགུན་དུས་མཐོ་སྒང་དུ་གྲང་ངར་ཆེ་བར་དམིགས་ཏེ།  མང་ཚོགས་ཀྱིས་དྲོད་སྐྱིད་ཀྱི་ངང་དགུན་སྐྱེལ་ཐུབ་པར་ཁག་ཐེག་བྱེད་ཆེད།  གཅིག་འདོམས་བཀོད་སྒྲིག་བྱས་ཏེ་དུས་ཚིགས་བཞི་བོའི་གཅིག་བསྡུས་དྲོད་རླངས་གློག་སྒྱུར་དང་དག་གཙང་དྲོད་རླངས་སྦུག་ལམ་ལེགས་སྒྱུར་ལས་གཞི་ལ་སྐུལ་འདེད་བཏང་།  དྲོད་རླངས་འདོན་སྤྲོད་སྒྲིག་ཆས་གསར་བརྗེ་དང་སྦུག་ལམ་དྲ་རྒྱ་ལེགས་སྒྱུར།  དྲོད་རླངས་འདོན་སྤྲོད་ལས་ཆོད་མཐོར་འདེགས་བཅས་བྱས་པ་ལ་བརྟེན་ནས།  མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་སྲུང་བྱས།  གྲོང་གསེབ་ཀྱི་གཞིས་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་།  ཡུལ་ཚོ་བཞི་དང་གྲོང་རྡལ་གཉིས་ཀྱིས་གལ་སྙིགས་སྐྱེལ་འདྲེན་སྒྲིག་ཆས་བེད་སྤྱོད་བྱས་ཏེ།  དག་གཙང་དང་གྲལ་དག་གི་སྡེ་བའི་རྣམ་པ་བསྐྲུན་ཡོད།  མཐོ་སྒང་གི་མཛེས་བའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ་གཞུང་ལམ་སྲ་འགྱུར་དང་བྱེ་ལམ་འདིང་བར་སྐུལ་འདེད་བཏང་ནས།  ས་ལམ་གྱི་ལོ་རྒྱུས་མཇུག་རྫོགས་པར་བྱས།   ཁྲོན་པ་འཛུགས་གྲུབ་བྱས་ཏེ་མང་ཚོགས་ཀྱིས་རང་གི་སྒོ་མདུན་ནས་ཆུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།  ཧི་ནན་རྫོང་གིས་རིམ་བསྟར་དམངས་ཚིས་ལས་གཞི་དོན་འཁྱོལ་བྱས་ཏེ།  ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཀྱི་ཚད་གཞི་ཇེ་མཐོར་བཏང་།

 ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།