
ཟླ10པའི་ཚེས11ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཏའོ་དབྱང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆི་ཡུང་ཚེ་ཡིས་བཤད་རྒྱུར། ང་ཚོའི་སྡེ་བར་ཁྱིམ་ཚང་བརྒྱ་དང་གོ་གཅིག་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུ་གཉིས་ཡོད། སྔོན་ཆད་སྡེ་མི་ཕྱིར་བགྲོད་ཐད་ཅུང་དཀའ་ཁག་ཡོད་མོད། འོན་ཀྱང་ད་ལྟ་སྤྱི་ལེ་བཞི་དང་གྲངས་ཆུང་དགུའི་ སྣུམ་ལམ་འཛུགས་སྐྲུན་བྱས་ནས་ངེས་པ་དོན་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་ཡོད་ཟེར།
ད་ལོའི་ཚུན་ལ། མཚོ་བྱང་ཁུལ་གྱིས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། ལས་གཞིའི་སྡེ་བ་བདུན་ལ་སྐོར་ཐེངས་མང་པོའི་བརྟག་དཔྱད་བྱས་པ་དང་། སྡེ་བ་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གནད་ལ་འཁེལ་བའི་སྒོ་ནས་འཛུགས་སྐྲུན་ཇུས་གཞི་བཟོས་པ་དང་། 2025ལོའི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བཞི་ཁྲི་དྲུག་དོན་འཁྱོལ་བྱེད་རྒྱུ་བརྩོན་ལེན་བྱས་ནས། སྡེ་བའི་ནང་གི་སྤྱི་ལེ་སོ་གསུམ་དང་གྲངས་ཆུང་བརྒྱད་ཀྱི་གཞུང་ལམ་མཐོར་འདེགས་སྒྱུར་བཀོད་བཟོ་སྐྲུན་དང་། སྤྱི་ལེ་གཅིག་དང་གྲངས་ཆུང་གཉིས་བཞིའི་ཆུ་འདོན་སྦུག་དྲ་བཀོད་སྒྲིག་བཟོ་སྐྲུན། སྤྱི་ལེ་ཐིག་དང་གྲངས་ཆུང་བདུན་ལྔའི་བཙོག་ཆུ་དོ་དམ་བཟོ་སྐྲུན་བཅས་གཙོར་བཟུང་ནས་ལག་བསྟར་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་བྱང་ཁུལ་གྱིས་བདེ་སྡོད་ལས་བརྩོན་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་གསུམ་བྱ་བའི་ལས་འགན་གཙོ་བོར་བཟུང་ནས། མཚོ་བྱང་ཁུལ་གྱི་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་གྲོང་གསེབ་འཛུགས་སྐྲུན་ཇུས་གཞི་སོགས་སྲིད་ཇུས་ཡིག་ཆ་གཏན་འབེབས་བྱས་པ་དང་། བྱ་བའི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་བཏང་ལ། དུས་ཚོད་ཐད་ཀྱི་རེ་བ་སོགས་གཏན་འབེབས་གསལ་བོ་བྱས་པར་མ་ཟད། མི་ཆོག་པ་དགུའི་ལྡོག་ཕྱོགས་ཀྱི་རྩིས་ཁྲ་བཏོན་ནས་མ་དངུལ་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱས།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། མཚོ་བྱང་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་བཏང་ནས་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ལས་གཞི་ཞེ་ལྔ་ལག་བསྟར་བྱས་པ་དང་། སྡེ་བའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་བཏང་། མདོ་ལ་རྫོང་གི་ར་དུང་ཀླད་སྡེ་བ་སོགས་མིང་དུ་གྲགས་པའི་མཛེས་པའི་བདེ་སྡོད་སྡེ་བ་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དང་མི་སྡོད་ཁོར་ཡུག་མངོན་གསལ་ལེགས་བཅོས་བྱུང་སྟེ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་བསྩལ་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ནུས་ཡོད་སྒོས་སྐུལ་འདེད་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།