
ཟླ10པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་ཀྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་ཆེད། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་ཀྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། རིམ་དབྱེ་རིགས་དབྱེའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རྐྱེན་སྲོལ་འཐུས་ཚང་བཙུགས།
སྤྱི་ཡོངས་སླར་གསོ་ལ་དམིགས་ཏེ། རིམ་དབྱེ་ཇུས་བསྟར་གྱི་ནོར་སྲིད་ཀྱི་གཞུང་ཕྱོགས་ཁ་གསབ་རྐྱེན་སྲོལ་བཙུགས། ལག་བསྟར་ཇུས་གཞི་ཡིས་སྐྱེ་ཁམས་སྲུང་སྐྱོབ་དེ་རྒྱུ་རྐྱེན་གཙོ་བོར་བྱས་པའི་རིགས་དབྱེའི་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་པ་དང་། བསྒྱུར་སྤོ་གཏོང་སྤྲོད་དེ་གཙོར་བྱས་པའི་གཞུང་ཕྱོགས་ཁ་གསབ་ལམ་ལུགས་བཙུགས་ཤིང་། མ་དངུལ་གྱི་སྤྱིའི་ཕན་འབྲས་ལྟེ་བར་བྱས་པའི་ཕྱོགས་བསྡུས་ཁ་གསབ་བཙུགས་ཤིང་། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁ་གསབ་ཟབ་སྤེལ་བྱས་པ་དང་། སྐྱེ་ཁམས་མ་ལག་ཡུན་རིང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དེ་རྩ་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་བྱེད་པ་དེ་དམིགས་འབེན་ཡིན་པ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་བསྐྱེད་པ་དེ་ལྟེ་བ་བཅས་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་རྣམ་པ་འཐུས་ཚང་བར་བཙུགས།
འདྲ་མཉམ་ལུགས་མཐུན་ལ་དམིགས་ཏེ། དབང་ཆ་དང་འགན་འཁྲི་འདྲ་མཚུངས་ཡིན་པའི་ས་ཁུལ་བར་གྱི་འཕྲེད་ཕྱོགས་ཁ་གསབ་རྐྱེན་སྲོལ་བཙུགས། ལག་བསྟར་ཇུས་གཞི་ཡིས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ནས། ཞིང་ཆེན་བརྒལ་བའི་ཁུལ་ཁོངས་ཀྱི་འཕྲེད་ཕྱོགས་ཁ་གསབ་རྐྱེན་སྲོལ་འཛུགས་སྐྲུན་ཟབ་སྤེལ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་འཕྲེད་ཕྱོགས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཁ་གསབ་ཁྱབ་ཁོངས་ཧུར་ཐག་གིས་འཚོལ་ཞིབ་དང་རྒྱ་བསྐྱེད་དེ། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དང་ཕན་པ་ཐོབ་པའི་ས་ཁུལ་གྱི་མཉམ་འགུལ་ལེགས་ཤོས་མངོན་འགྱུར་བྱུང་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱིའི་སྤུས་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་ལེགས་པོ་ཞིག་བྱས།
ནོར་སྲིད་ཀྱི་དངུལ་གཏོང་ལ་དམིགས་ཏེ། ཁྲོམ་ར་ཟབ་ཞུགས་བྱེད་པའི་སྣ་མང་ཅན་གྱི་ཁ་གསབ་རྐྱེན་སྲོལ་བཙུགས། ལག་བསྟར་ཇུས་གཞི་ཡིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་གཅིག་འདོམས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ། སྣ་མང་ཅན་གྱི་མ་དངུལ་གཏོང་བའི་རྐྱེན་སྲོལ་ལག་བསྟར་དང་ཁྲལ་བསྡུའི་སྲིད་ཇུས་ཀྱིས་སྐུལ་སློང་བྱེད་ནུས་འདོན་པ་དངོས་འབེབས་བྱེད་པ། སྲིད་གཞུང་གི་ལྗང་མདོག་ཉོ་བསྡུའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་དེ། ཁེབས་ཚད་སྔར་ལས་ཆེ་ཞིང་། དབང་ཆ་དང་འགན་འཁྲི་སྔར་ལས་གསལ་བོ་ཡིན་པ། བྱེད་ཐབས་སྔར་ལས་སྣ་མང་ཡིན་པ། བཅོས་སྐྱོང་སྔར་ལས་ནུས་ལྡན་ཡིན་པ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་གྲུབ་པར་བརྟེན། ས་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་།
དེ་ལས་གཞན། ལག་བསྟར་ཇུས་གཞི་ཡིས་སྡེ་ཁག་སོ་སོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དབང་ཆ་དང་འགན་འཁྲི་སྔར་ལས་ཁ་གསལ་དུ་བཏང་བ་དང་། བྱ་བའི་བྱེད་ཐབས་ཞིབ་ཕྲར་བཟོས་ལ། འགན་འཁྲིའི་གསལ་ཐོ་གཏན་འབེབས་བྱས་ཏེ། དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་ཐུབ་པའི་རང་བཞིན་ཇེ་དྲག་ཏུ་བཏང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་རྒྱལ་ཁབ་རིམ་པས་བཙུགས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་རྐྱེན་སྲོལ་མཐའ་གཅིག་ཏུ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་མ་ལག་མགྱོགས་མྱུར་ངང་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།