མཚོ་སྔོན་གྱིས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དེའི་ཁྱིམ་མི་ལས་ཞུགས་བྱེད་པའི་སྟོན་དུས་ཀྱི་ཆེད་དོན་གདན་འགུག་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ10པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། མཚོ་སྔོན་ཞིང་ཆེན་གྱི་དམག་ཁུར་ཆབ་སྲིད་བྱ་བའི་ཅུའུ་དང་མཉམ་འབྲེལ་སྒོས་ཕུགས་འདུན་སྙེག་པའི་ལམ་དུ་བསྐྱོད། མཚོ་སྔོན་གསར་བའི་རྣམ་གསར་བསྐྲུན་ཞེས་པའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དེའི་ཁྱིམ་མི་ལས་ཞུགས་བྱེད་པའི་སྟོན་དུས་ཀྱི་ཆེད་དོན་གདན་འགུག་ཚོགས་འདུ་བསྡུས།

ཐེངས་འདིའི་ཆེད་དོན་གདན་འགུག་ཚོགས་འདུས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དེའི་ཁྱིམ་མིའི་ལས་ཞུགས་དགོས་མཁོར་དམིགས་ནས། སྤུས་ལེགས་ཁེ་ལས120རྩ་འཛུགས་བྱས་ཏེ། ནུས་ཁུངས་གསར་བ་དང་མགྲོན་ཁང་ཞབས་ཞུ། སློབ་གསོའི་གསབ་སྦྱོང་། དངོས་རྒྱུག་སྐྱེལ་འདྲེན། སྨན་བཅོས་བདེ་ཐང་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ཁེབས་ཤིང་། ལས་ཞུགས་ལས་གནས3262འདོན་སྤྲོད་བྱས།

གདན་འགུག་ཞབས་ཞུའི་ལས་ཆོད་དང་ཁེབས་ཚད་ཇེ་མཐོར་གཏོང་ཆེད། ཐེངས་འདིའི་གདན་འགུག་ཚོགས་འདུས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་གསར་བ་སྤྱད། ཡུལ་དངོས་གདན་འགུག་ཚོགས་འདུས་ཡུལ་དངོས་སུ་ཁེ་ལས་ཀྱི་གདན་འགུག་ཆེད་དམིགས་ཁུལ་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་ཞུགས་སྲིད་ཇུས་འགྲེལ་ཀློག་དང་དངུལ་རྩའི་ཞབས་ཞུ་སོགས་འདོན་སྤྲོད་བྱས་ཤིང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དེའི་ཁྱིམ་མིས་ལས་གནས་ཀྱི་བླང་བྱ་དང་ཟླ་ཕོགས་མང་ཉུང་སྐོར་རྒྱུས་ལོན་གསལ་བོ་བྱེད་པར་རོགས་རམ་བྱས་ནས། གནད་འཁེལ་སྒོས་ལས་ཞུགས་ཀྱི་ཁ་ཕྱོགས་དང་མཐུན་པར་བྱས།

གདན་འགུག་ཡུལ་དངོས་ཀྱི་མཁོ་འདོན་རྣམ་པ་ཛ་དྲག་ཆེ་ལ། ཁེ་ལས་བརྒྱ་ལྷག་གི་གདན་འགུག་འགྲེམ་ཁུལ་གྲལ་འགྲིག་པོར་ཡོད་པས། ལས་ཞུགས་ཀྱི་བར་ཁྱམས་རིང་མོ་ཞིག་གྲུབ་ཡོད། འགྲེམ་ཁུལ་མདུན་དུ་ལས་ཀ་འཚོལ་མཁན་རྣམས་བློ་འདྲི་རུ་ཡོང་ཡོད་ལ། ཁོ་ཚོས་གདན་འགུག་གནས་ཚུལ་མདོར་བསྡུས་ལ་ནན་གྱིས་བལྟས་པ་དང་། སྐབས་རེར་སྐད་དམའ་མོས་བརྗེ་རེས་བྱེད་ཀྱིན་འདུག  དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ལིས་ཧྲིན་ཅུན་གྱིས་ཁེ་ལས་ཤིག་གི་འགྲེམ་ཁུལ་སྔོན་དུ་གདན་འགུག་འགན་འཁུར་མི་སྣ་དང་གྲོས་མོལ་བྱས་དོན། ངས་ལག་རྩལ་རང་བཞིན་གྱི་ལས་གནས་ལ་དོ་སྣང་བྱེད་ཀྱིན་ཡོད་དེ། ཁེ་ལས་འགའ་མི་བཟང་རྒྱུ་མེད་ལ། ཟླ་ཕོགས་ཐོབ་ཐང་ཕྱོགས་ནས། ཁེ་ལས་ཀྱིས་ཟླ་ཕོགས་སྒོར་སྟོང་ལྔ་ནས་སྟོང་བདུན་བར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར་བས། ད་ལྟའི་དུས་རིམ་འདིའི་ང་ལ་མཚོན་ན་ཧ་ཅང་བཟང་ཀི་ཟེར།

གདན་འགུག་ཡུལ་དངོས་སུ་རིགས་མི་འདྲ་བའི་སྲིད་ཇུས་བློ་འདྲི་ཞབས་ཞུའི་ཁུལ་བཀོད་སྒྲིག་བྱས་ཡོད་ལ། ལས་སྒྲུབ་མི་སྣ་སེམས་རྣལ་དུ་ཕབ་ནས་སྲིད་ཇུས་འགྲེལ་བཤད་བྱེད་ཀྱིན་ཡོད། ལས་ཞུགས་བློ་འདྲིའི་ཁུལ་གྱི་ལས་སྒྲུབ་མི་སྣས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་རང་ཉིད་ངོ་སྤྲོད་ཡི་གེར་འབྲི་ཚུལ་མཛུབ་སྟོན་བྱས་པ་སྟེ། ཁྱེད་ཀྱིས་དམག་དཔུང་ནས་ཐོབ་པའི་བྱ་དགའ་དག་རང་གི་ངོ་སྤྲོད་ཡི་གེའི་ཁྲོད་འབྲི་དགོས་ལ། འདི་དག་ཁེ་ལས་ཀྱིས་དོ་སྣང་བྱེད་པའི་ལེགས་ཆ་ཡིན་ཟེར།

ཚོང་ལས་ཉོ་ཚོང་ཀུང་ཟི་ཞིག་གི་མི་དོན་པུའུ་ཡི་ལས་བྱེད་མི་སྣས་བཤད་རྒྱུར། ང་ཚོས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་དཀའ་སྡུག་ཐེག་ཐུབ་པའི་སྙིང་སྟོབས་དང་ཚོགས་པའི་མཉམ་ལས་འདུ་ཤེས་ལ་དོ་སྣང་བྱེད་ཀྱིན་ཡོད། དེ་རིང་སྔ་དྲོར་ངོ་སྤྲོད་ཡི་གེ་བཅུ་ལྷག་འབྱོར་བའི་ཁྲོད། ཕྱེད་ཀ་ཡན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་རེད། གདན་འགུག་ཕན་འབྲས་མི་བཟང་རྒྱུ་མེད་པས། ཉེ་ཆར་གདན་འགུག་མི་སྣ་ཁ་རྒྱུགས་ལ་ཞུགས་རྒྱུ་བཀོད་སྒྲིག་བྱེད་ངེས་ཡིན། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིས་མ་ལག་ལྡན་པའི་སྦྱོང་བརྡར་བྱས་པས། རྩ་འཛུགས་ཀྱི་སྒྲིག་ལམ་རང་བཞིན་དྲག་ལ་ལག་བསྟར་ནུས་པ་ཆེ་སྟབས། འདི་དག་ནི་ཁེ་ལས་ལ་ཧ་ཅང་དགོས་མཁོ་ཆེ་བའི་འཇོན་མིའི་བྱང་ཚད་རེད།

མཚོ་སྔོན་ཧྲུན་ཧྥིན་མྱུར་སྐྱེལ་ཚད་ཡོད་ཀུང་ཟིའི་གདན་འགུག་འགྲེམ་ཁུལ་དུ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིར་ཆེད་དུ་གཏན་འབེབས་བྱས་པའི་ལས་གནས་མང་པོ་བཀོད་སྒྲིག་བྱས་ཡོད། ཡུལ་དངོས་ཀྱི་གདན་འགུག་འགན་འཁུར་མི་སྣས་བསྟན་དོན། ཀུང་ཟིའི་ནང་གི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ལས་བཟོ་པས་འགན་འཁྲིའི་འདུ་ཤེས་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་དྲག་པོ་མངོན་པས། ཀུང་ཟིས་དུས་ཆེན་སྐབས་བྱ་དགའ་སྟེར་བའི་དུས་སུ་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་ལས་བཟོ་པར་བདག་སྐྱོང་བྱས་པ་ཡིན།

ཐེངས་འདིའི་གདན་འགུག་ཚོགས་འདུའི་སྟེང་ལས་ཞུགས་ཡི་གེ1167ལ་མིང་རྟགས་བཀོད་པ་དང་། དེའི་ཁྲོད་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི293ཡོད་ལ། དྲ་ཐོག་དང་ཡུལ་དངོས་སུ་ལས་ཀ་འཚོལ་མཁན་ཁྲི་ལྷག་ཚུར་བཀུག

ལྷ་མོ་འཚོས་བསྒྱུར།