

2025ལོའི་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་གདན་ཞུའི་སྐོར་བྲོ་འགྲན་སྡུར་གྱི་ཡུལ་དངོས།
ཟླ10བའི་ཚེས12ཉིན། 2025ལོའི་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་གདན་ཞུའི་སྐོར་བྲོ་འགྲན་སྡུར་ཟི་ལིང་གྲོང་ཁྱེར་ལུས་རྩལ་ར་བ་ནས་འགོ་བརྩམས། སྐོར་བྲོར་དགའ་མཁན500ལྷག་གིས་སྐོར་བྲོའི་སྟངས་སྟབས་ལ་བརྟེན་ནས། རྒྱ་ཆེའི་ལྟད་མོ་པ་རྣམས་ལ་མི་རིགས་དང་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་ལེགས་སྐྱེས་སུ་ཕུལ།འདི་ནི་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པའི་ལུས་རྩལ་གཞི་གཅིག་ཅན་གྱི་རྣམ་པས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། ཐེངས་འདིའི་འགྲན་སྡུར་ལ་ལན་ཀྲོའུ་དང་ཟི་ལིང་། མཚོ་ཤར་གྲོང་ཁྱེར་སོགས་གྱི་འགྲན་ཞུགས་རུ་ཁག20ཡོད། འགྲན་སྡུར་ཡུལ་དངོས་སུ། རུ་ཁག་སོ་སོའི་འཁྲབ་སྟོན་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་ལྭ་བ་གྱོན་ནས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ཏེ་གར་གྱི་སྟངས་སྟབས་ངོམས་པས་ཡུལ་དངོས་ཀྱི་ལྟད་མོ་པའི་དགའ་བསུ་ཆེན་པོ་ཐོབ།
ཐེངས་འདིའི་འགྲན་སྡུར་ནི་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་ལུས་རྩལ་གཞི་གཅིག་ཅན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པར་མ་ཟད། མཚོ་སྔོན་གྱི་ཕུལ་བྱུང་སྲོལ་རྒྱུན་ལུས་རྩལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། འགྲན་སྡུར་དང་འཁྲབ་སྟོན་གྱི་གོ་རིམ་ཁྲོད། སྐོར་བྲོའི་རིག་གནས་དེ་ས་ཁོངས་རིག་གནས་ཀྱི་གར་སྟེགས་ནས་ས་ཁོངས་བགྲོ་གླེང་གི་གར་སྟེགས་སུ་བསྐྱོད་དེ། ས་ཁོངས་ཀྱི་མི་རིགས་ལུས་རྩལ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཉམས་མྱོང་གལ་ཆེན་བསགས་ཡོད།
ཟི་ལིང་གིས་ཐོག་མཐའ་བར་གསུམ་དུ་ལུས་རྩལ་སྦྲེལ་ཟམ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱས། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་གདན་ཞུའི་སྐོར་བྲོ་འགྲན་སྡུར་གསར་དུ་སྒྲུབ་འགོ་བརྩམས་པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་སྐབས་གསུམ་གྱི་འགྲན་སྡུར་བདེ་བླག་ངང་འགན་སྐྲུབ་བྱས། འགྲན་སྡུར་དེ་ཐོག་མའི་ས་ཁོངས་རྣམ་པའི་ལུས་རྩལ་བརྗེ་རེས་བྱ་འགུལ་ནས། རིམ་བཞིན་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་མཛའ་བརྩེ་སྦྲེལ་བྱེད་ཀྱི་རིག་གནས་སྦྲེལ་ཐག་དང་། རིགས་སོ་སོའི་སྤུན་ཟླའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་རྒྱུན་མཐུད་ངང་མཚོ་སྔོན་གྱི་མི་རིགས་སྲོལ་རྒྱུན་རིག་གནས་ལུས་རྩལ་ཐོན་ཁུངས་སྔོག་འདོན་བྱས་ཏེ། ཟི་ལིང་གི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་བཙུགས་ནས། རིག་གནས་དང་ལུས་རྩལ་གཏིང་ཟབ་མཉམ་འདྲེས་བྱེད་པའི་རྒྱུད་ལམ་གསར་བ་འཚོལ་ཞིབ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ངོས་ཟིན་ཅན་དང་ཤུགས་རྐྱེན་ཅན་གྱི་དམངས་ཁྲོད་སྲོལ་རྒྱུན་ལུས་རྩལ་གྱི་རྟགས་མ་བསྐྲུན་ཏེ། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ལུས་རྩལ་གྱི་སྟོབས་ཤུགས་ཕུལ་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།
|