
ཟླ10པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་ཡུལ་སྐོར་པ་མང་བའི་དུས་ལ་སླེབས་པ་ནས་བཟུང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆུ་ཚོད་ཉེར་བཞིའི་རིང12315ཡི་འབྲེལ་གཏུག་ཨང་གྲངས་ལ་འབྲེལ་ཐུབ་པར་འགན་སྲུང་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་སྒོས་ཉན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། གཏུག་བཤེར་གཞི་གྲངས་ཐོན་ཁུངས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ནས། འཕྲེད་ཕྱོགས་མཉམ་འགུལ་དང་གཞུང་ཕྱོགས་སྦྲེལ་མཐུད་རྒྱུན་འཁྱོངས་བྱས་ཤིང་། ལྗོངས་ཁུལ་གྱི་བྱང་བུ་དང་། བཟའ་བཏུང་དང་སྡོད་གནས། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཐེངས་མང་འཛད་སྤྱོད་ཁྱབ་ཁོངས་ལ་དམིགས་ནས། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་མགྱོགས་མྱུར་དང་ལེན་རྐྱེན་སྲོལ་ལག་བསྟར་བྱས་ཏེ། ཡུལ་སྐོར་པའི་རེ་འདུན་མྱུར་མོར་དང་ལེན་བྱེད་པ་དང་གནད་འཁེལ་སྒོས་ཚུར་སྒྱུར་བྱེད་པ། ལེགས་པོར་སྒྲུབ་པ་བཅས་ལ་ཁག་ཐེག་བྱས། ཟླ་བདུན་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དང་འབྲེལ་བའི་འཛད་སྤྱོད་གཏུག་བཤེར་དང་ལེན་ལས་ཆོད་བརྒྱ་ཆའི་བཞི་བཅུ་ཇེ་མཐོར་བཏང་བ་དང་། ལས་སྒྲུབ་ཐག་གཅོད་བྱེད་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ལ་སླེབས་ནས། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན།
ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱིས་འབྲེལ་གཏུག་ཨང་གྲངས་གཅིག་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་པ་དང་གཅིག་གྱུར་གྱིས་ཉན་པའི་འཁོར་རྒྱུག་རྣམ་པ་སྤྱད་དེ། ཡུལ་སྐོར་བ་མང་པའི་དུས་སྐབས་སུ། ཆེད་དུ་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་གཏུག་བཤེར་བྱེད་ས་བཙུགས་པ་དང་། བོད་ཡིག་དང་དབྱིན་ཡིག་གཉིས་ཀར་བྱང་ཆ་ཡོད་པའི་ལས་མི་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བར་སྔར་ལས་གནད་འཁེལ་ཡིན་པའི་ཞབས་ཞུ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གང་རུང་གི་ཡུལ་སྐོར་བས12315ཡི་འབྲེལ་གཏུག་ཨང་གྲངས་ལ་འབྲེལ་བ་བྱས་ཚེ། གཅིག་གྱུར་དང་ཚད་ལྡན། ཆེད་ལས་བཅས་ཀྱི་དང་ལེན་ཞབས་ཞུ་ཐོབ་པ་མངོན་འགྱུར་བྱས། ད་ལོར། 12315ཡི་སྟེགས་བུ་བརྒྱུད་དེ་ཡུལ་སྐོར་དང་འབྲེལ་བའི་གཏུག་བཤེར་དོན་དག2503མགྱོགས་མྱུར་ངངབདག་སྤྲོད་ཚུར་སྒྱུར་ཐག་གཅོད་བྱས་ཏེ། འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ས་ཡ་བཞི་དང་ཁྲི་ལྔ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཚུར་བླངས།
ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཛད་སྤྱོད་གཏུག་བཤེར་དོན་དག་དེ་ཁྲོམ་རའི་སྒྲིག་སྲོལ་ལ་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་ཁྲིམས་བསྟར་གྱི་བཀོད་འདོམས་ཐབས་ལམ་དུ་བརྩི་བ་རྒྱུན་འཁྱོངས་བྱས། གནད་དོན་ཚ་ཤོས་དབྱེ་ཞིབ་དང་ཉེན་ཁའི་སྔོན་བརྡ། གནད་འཁེལ་ཁྲིམས་བསྟར་བཅས་ཀྱི་འཛད་སྤྱོད་གཏུག་བཤེར་གྱི་ཐག་གཅོད་རྐྱེན་སྲོལ་བཙུགས་པ་དང་། འཛད་སྤྱོད་གཏུག་བཤེར་གཞི་གྲངས་ཀྱི་དུས་ཐོག་དབྱེ་ཞིབ་བརྒྱུད་དེ། ཁྲོམ་རའི་འགུལ་རྣམ་གནད་འཁེལ་སྒོས་རྒྱུས་ལོན་བྱས་པ་དང་། དུས་ཐོག་ཏུ་འབུར་ཐོན་གནད་དོན་རྙེད། གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཡུལ་སྐོར་བ་མང་པའི་དུས་སྐབས་སུ། བཟའ་བཏུང་ཞབས་ཞུ་དང་ཁྱད་ལྡན་ཐོན་རྫས་ཉོ་བ། ཞག་སྡོད་ཞབས་ཞུ་བཅས་གཏུག་བཤེར་གྱི་དམིགས་ས་གཙོ་བོར་གྱུར་ཞིང་། སོ་སོས་སྤྱིའི་ཚད་ཀྱི་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་བརྒྱད་དང་། བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བཞི་དྲུག བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་གཉིས་དགུ་བཅས་ཟིན་ཡོད། གཞི་གྲངས་འདི་དག་གི་རྨང་གཞིའི་སྟེང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆེད་དམིགས་ལེགས་བཅོས་འགུལ་སྐྱོད་རབ་དང་རིམ་པ་སྤེལ་ཞིང་། ཡུལ་སྐོར་བཟའ་བཏུང་དང་ཡུལ་སྐོར་ཚོང་ཟོག ཡུལ་སྐོར་ཚོང་འཕྲིན། རིན་གོང་གསལ་འགོད་སོགས་གཙོ་གནད་ཁྱབ་ཁོངས་སུ་གནད་འཁེལ་དོ་དམ་ལག་བསྟར་བྱས་ཏེ། གཞི་གྲངས་ལ་བརྟེན་པའི་གནད་འཁེལ་དོ་དམ་མངོན་འགྱུར་བྱས་པ་དང་། ལྟ་སྐུལ་དོ་དམ་གྱི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ནུས་ལྡན་སྒོས་ཇེ་དྲག་ཏུ་བཏང་།
མཚོ་སྔོན་གྱི་ཡུལ་སྐོར་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གཙོ་བོ་མཐོ་སྒང་གི་ཁྱད་ལྡན་ཟས་རིགས་དང་བོད་གདན། བོད་སྨན་སོགས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་དང་རིན་གོང་ཡོངས་བསྒྲགས་བྱ་བར་དོ་སྣང་བྱས། ལས་སྒྲུབ་མི་སྣ་ཚང་མས་མཐོ་སྒང་ཡུལ་སྐོར་གྱི་ཁྱད་ཆོས་ཚོང་རྫས་ཀྱི་ཆེད་ལས་ཤེས་བྱའི་གསབ་སྦྱོང་བྱས་ཡོད་པས། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་དང་འབྲེལ་བའི་འཛད་སྤྱོད་འགལ་བ་མགྱོགས་མྱུར་དང་གནད་འཁེལ་སྒོས་ཐག་གཅོད་བྱེད་ཐུབ། མཚོ་སྔོན་དང་སྐུ་འབུམ་སོགས་ཡུལ་སྐོར་ལྗོངས་ཁུལ་གཙོ་བོའི་ཉེ་འཁོར་དུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས12315ཡི་འབྲེལ་གཏུག་ཨང་གྲངས་ཀྱི་གཞི་གྲངས་དབྱེ་ཞིབ་ལ་གཞིགས་ཏེ། སྔ་ཙམ་ནས་ཁྲིམས་བསྟར་སྟོབས་ཤུགས་བཀོད་སྒྲིག་བྱས་ཡོད། ཟི་ལིང་གྲོང་ཁྱེར་གྱི་ཚོང་ར་གཙོ་བོ་དང་ཚོང་ར་ཆེ་ཤོས། ཆེད་ལས་ཁྲོམ་ར། ཁྱད་ལྡན་སྲང་ལམ་ཁུལ་བཅས་སུ་འཛད་སྤྱོད་ཁེ་དབང་སྲུང་བའི་ཞབས་ཞུའི་ས་ཚིགས་བརྒྱ་དང་བཅུ་དྲུག་བཙུགས་ཡོད་པར་བརྟེན། དོན་ཆུང་ཐག་གཅོད་པར་ལྗོངས་ཁུལ་ལས་བརྒལ་མི་དགོས་ཤིང་། དོན་ཆེན་ཐག་གཅོད་པར་མགྱོགས་མྱུར་མཉམ་འགུལ་བྱེད་པའི་ཡུལ་སྐོར་བའི་འཛད་སྤྱོད་ཁེ་དབང་སྲུང་བའི་བྱ་བའི་རྣམ་པ་མངོན་འགྱུར་བྱས།
ལྷ་མོ་འཚོས་བསྒྱུར།