​ཟི་ལིང་གྲོང་ཁྱེར་གྱི་སྐོར་ཐེངས་དང་པོའི་བུ་སྐྱེས་ཁ་གསབ་སྔོན་དཔག་བྱས་ན་ཟླ10པའི་ཟླ་མཇུག་ཏུ་སྟེར་རྒྱུ་རེད། 
ཁུངས། ཀློག་གྲངས། 19

ཟླ10པའི་ཚེས12ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བུ་སྐྱེས་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི་གཞིར་བཟུང་ནས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟི་ལིང་གྲོང་ཁྱེར་གྱིས་བུ་སྐྱེས་ཁ་གསབ་སྲིད་ཇུས་དངོས་འབེབ་དོན་འཁྱོལ་བྱས་ཏེ། བུ་སྐྱེས་ཁ་གསབ་ཀྱི་ཞིབ་བཤེར་བྱ་བ2025ལོའི་ཟླ9པའི་ཚེས15ཉིན་ནས་བཟུང་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། སྐོར་དང་པོའི་བུ་སྐྱེས་ཁ་གསབ་མི་ཐེངས་ཁྲི་གཅིག་དང་སྟོང་བཞི་བརྒྱ་དང་དགུ་ལ་ཞིབ་བཤེར་བྱས་པ་དང་། སྔོན་དཔག་བྱས་ན་ཟླ10པའི་ཟླ་མཇུག་ལ་སྐོར་དང་པོའི་བུ་སྐྱེས་ཁ་གསབ་མ་དངུལ་སྟེར་རྒྱུ་རེད། 

ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་གཅིག་གྱུར་བུ་སྐྱེས་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་སྦྲེལ་མཐུད་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དྲ་ཐོག་ནས་རེ་ཞུ་བྱེད་པ་གཙོ་བོར་བཟུང་བ་དང་། ཡུལ་དངོས་ནས་རོགས་སྒྲུབ་བྱེད་པའི་ཞབས་ཞུའི་རྣམ་པ་ཁྱབ་སྤེལ་བྱས་ཡོད་པས། གྲོང་མིས་དངུལ་སྤྲོད་མ་ལག་དང་སྐད་འཕྲིན་སྟེང་གི་བུ་སྐྱེས་ཁ་གསབ་མ་ལག མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་སྟེགས་བུའི་སྟེང་གི་བུ་སྐྱེས་ཁ་གསབ་ཆེད་སྤྱོད་བརྒྱུད་ལམ་གྱི་དྲ་ཐོག་ནས་རེ་ཞུ་བྱས་ཆོག་ལ། འགྲོ་ལུགས་སྟབས་བདེ་ཡིན།

ཟི་ལིང་གྲོང་ཁྱེར་གྱིས་ཡུལ་ཚོ་དང་གྲོང་རྡལ་ནས་ཐོག་མའི་ཞིབ་བཤེར་དང་རྫོང་རིམ་པ་ནས་བསྐྱར་བཤེར་བྱེད་པའི་རིམ་པ་གཉིས་ཀྱི་ཞིབ་བཤེར་བྱ་བའི་ལམ་ལུགས་བཙུགས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱིས་རྒྱུ་ཆའི་ཁ་ཚང་རང་བཞིན་གྱི་ལྟ་བཤེར་དང་རྨང་གཞིའི་ཆ་འཕྲིན་ཞིབ་དཔྱད་ལ་འགན་འཁུར་བ་དང་། རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཆེས་མཇུག་མཐའི་ཐོབ་ཐང་ཞིབ་བཤེར་བྱེད་པ་ཡིན། ཞིབ་བཤེར་གྱི་བརྒྱུད་རིམ་ཆ་ཚང་ལས་ཀའི་དུས་ཚོད་ཉིན་སུམ་ཅུའི་ནང་ཡོངས་སུ་ཚར་དགོས་པ་དང་། དེའི་ཁྲོད་ཡུལ་ཚོ་དང་གྲོང་རྡལ་གྱིས་ལས་ཀའི་དུས་ཚོད་ཉིན་ཉི་ཤུའི་ནང་ཐོག་མའི་ཞིབ་བཤེར་ཡོངས་འགྲུབ་བྱེད་དགོས་ལ། རྫོང་རིམ་པའི་འཕྲོད་བསྟེན་སྡེ་ཁག་གིས་ལས་ཀའི་དུས་ཚོད་ཉིན་བཅུའི་ནང་ཞིབ་བཤེར་གཏན་འཁེལ་གྱི་བྱ་བ་ཡོངས་སུ་ཚར་དགོས་པ་རེད། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་བུ་སྐྱེས་ཁ་གསབ་མི་ཐེངས་ཁྲི་གསུམ་དང་སྟོང་དགུ་དྲུག་བརྒྱ་རེ་དགུ་བདག་སྤྲོད་བྱས་པ་དང་། དེའི་ཁྲོད་དྲ་ཐོག་གི་རེ་ཞུ་ཁྲི་གསུམ་སྟོང་བརྒྱད་དྲག་བརྒྱ་ཞེ་ལྔ་དང་། ཡུལ་དངོས་རེ་ཞུ་སྟོང་གཅིག་དང་ཉེར་བཞི་བསྒྲུབས་ཟིན། 

མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་བུ་སྐྱེས་ཁ་གསབ་ཀྱི་ཞིབ་བཤེར་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ལ། ཞིབ་བཤེར་དང་ཁ་གསབ་སྟེར་བའི་བརྒྱུད་རིམ་སོ་སོའི་བྱ་བ་ལེགས་པོར་བསྒྲུབ་ནས། ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་གིས་དུས་ལྟར་སྲིད་ཇུས་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་དང་། ཁ་གསབ་དུས་ལྟར་སྟེར་ཐུབ་པར་འགན་སྲུང་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་དངོས་ནས་དམངས་ལ་ཕན་ཐོགས་པར་བྱ་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བུ་སྐྱེས་ཁ་གསབ་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབ་ལྟར། ཁ་གསབ་ལེན་པའི་ཆ་རྐྱེན་དང་མཐུན་པའི་གྲོང་མིས་མགྱོགས་མྱུར་སྒོས་དྲ་ཐོག་དང་ཡུལ་དངོས་ནས2025ལོའི་བུ་སྐྱེས་ཁ་གསབ་རེ་ཞུ་བྱེད་དགོས་ལ། 2025ལོའི་ཟླ12པའི་ཚེས31ཉིན་བར་རེ་ཞུ་མ་བྱས་ཚེ་རྩིས་མེད་དུ་གཏོང་ངེས་ཡིན་པའི་གསལ་འདེབས་བྱས་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།