མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་གྱི་བདེ་ཐང་རྨང་གཞི་སྲ་བརྟན་དུ་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ10པའི་ཚེས16ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་མཇུག་བསྡུ་བའི་ལོ་དང་།    བདེ་ཐང་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ནུས་ཡོད་ཀྱིས་སྦྲེལ་མཐུད་བྱེད་པའི་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་མཇུག་བསྡུ་བའི་ལོ་ཡང་ཡིན་ལ།   ཞིང་ཆེན་ཡོངས་སུ་ནད་ཀྱི་དབང་གིས་ཕྱིར་དབུལ་བོར་གྱུར་བ་གཅིག་ཀྱང་མེད་པར་ཁྱབ་གདལ་དུ་བཏང་ཆོག་པའི་མཐོ་སྒང་གི་ཕྱིར་དབུལ་བོར་འགྱུར་བ་འགོག་པའི་རྣམ་པ་གྲུབ་པར་བྱས་ཏེ་གྲོང་གསེབ་དར་སྤེལ་ཐད་བདེ་ཐང་གི་རྨང་གཞི་བརྟན་པོ་བཏིངས།

རང་ཞིང་གིས་རྩ་འཛུགས་བྱས་ཏེ་ས་ཁུལ་སོ་སོས་རྒྱལ་ཡོངས་ཀྱི་ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་མ་ལག་ཏུ་བཞག་ཡོད་པའི་དབུལ་ཐར་ཁྱིམ་ཚང་དང་དབུར་ཐར་གཏན་འཇགས་མིན་པའི་ཁྱིམ་ཚང་།   མཐའ་མཚམས་ཀྱི་ཕྱིར་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་།   གློ་བུར་དུ་དཀའ་ཁག་ཆེན་པོ་བྱུང་བའི་ཁྱིམ་ཚང་བཅས་ལ་དུས་བཅད་ལྟར་བརྟག་འདེད་ཞིབ་བཤེར་བྱས་པ་དང་།   ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་མི་ཚོགས་ཀྱི་གྲས་སུ་བཞག་པའི་མི་ཚོགས་ལ་དུས་ལྟར་ནད་བྱུང་བའི་གནས་ཚུལ་ལ་བརྟག་འདེད་བྱས་ཏེ།   ནད་ཚབས་ཆེན་གྱི་སྐྱོབ་བཅོས་སོགས་སྲིད་ཇུས་དོན་འཁྱོལ་བྱས་ནས།   སྔོན་ལ་སྨན་ཁང་དུ་ཞག་སྡོད་བྱེད་པ་དང་དེ་ནས་སྨན་རིན་རྩིས་རྒྱག་པའི་གཅིག་གྱུར་གྱི་བསྡོམས་རྩིས་ཞབས་ཞུ་འདོན་སྤྲོད་བྱས།   གཙོ་གནད་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་ཁྲི་བདུན་དང་སྟོང་བདུན་ཉིས་བརྒྱ་ཡི་བདེ་ཐང་རོགས་སྐྱོར་གནས་ཚུལ་ཐད་གཟའ་འཁོར་རེར་ལེགས་སྒྲིག་དང་དུས་ཚིགས་རེར་གདེང་འཇོག་བྱེད་པའི་འགུལ་རྣམ་དོ་དམ་ལག་བསྟར་བྱས་ཏེ།   གནད་དོན་དང་ལས་འགན་མཉམ་བསྲེས་ཀྱི་རྩིས་ཁྲ་བཙུགས།  ཞིབ་ཚགས་ཀྱི་བྱ་བའི་ནང་རྐྱེན་གསར་གཏོད་བྱས་ནས་གཞི་རིམ་སྨན་བཅོས་སྡེ་ཁག་གིས་ཉིན་རེར་གཞི་གྲངས་དཔྱད་བསྡུར་བྱེད་པར་མཛུབ་སྟོན་བྱས་ཏེ་དུས་རྒྱུན་དམ་འཛིན་ནན་མོ་བྱེད་པ་སོགས་ཀྱི་རྒྱུན་རྣམ་ཅན་གྱི་བྱ་བའི་ནང་རྐྱེན་གྲུབ་པར་བྱས།

སློབ་ཆེན་སློབ་མ་སྡེ་བའི་སྨན་པ་བྱེད་པའི་ཆེད་དོན་འཆར་གཞི་ལག་ཏུ་བསྟར་ནས་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིང་སྟོང་ཉེར་བཞི་ལོའི་བར་བསྡོམས་པས་སློབ་ཆེན་སློབ་མའི་སྡེ་བའི་སྨན་པ་ལྔ་བརྒྱ་སོ་བརྒྱད་བསྡུ་ལེན་བྱས་ནས་ཐག་རིང་ས་ཁུལ་དུ་ཁེབས་པར་བྱས།   འཛིན་དཔང་ལེན་པར་སྐུལ་མ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་གྲོང་གསེབ་སྨན་པའི་ལས་རིགས་ཆུ་ཚད་ཇེ་མཐོར་བཏང་།

རང་སྤྲོད་མ་དངུལ་གྱི་བསྡུར་ཚད་མཐོ་བ་དང་སྨན་རིན་གྱི་འགྲོ་གྲོན་མཐོ་བའི་ནད་པའི་མིང་ཐོ་དུས་བཅད་ལྟར་ལེགས་སྒྲིག་བྱས་པ་དང་།  གནད་དོན་ལ་དམིགས་ནས་ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་མ་ལག་གི་སྨན་རིན་ཐོ་འགོག་བྱེད་ཐབས་དང་གཞི་གྲངས་བསྡོམས་རྩིས་གསབ་སྦྱོང་སློབ་ཚན་སྒྲིག་བཟོ་བྱས་ཏེ་དུས་ལྟར་གསོ་སྦྱོང་བྱེད་སྒོ་སྤེལ་ནས་གཞི་གྲངས་ཀྱི་སྤུས་ཚད་མཐོར་འདེགས་བཏང་།   སྡེ་སྡོད་ལས་བྱེད་པས་གཙོ་གནད་མི་ཚོགས་ལ་བདེ་ཐང་རོགས་སྐྱོར་ལས་སྒོ་ཚབ་སྒྲུབ་དང་སྒྲུབ་རོགས་བྱེད་པའི་ལག་བསྟར་ཇུས་གཞི་ལྟར།  སྡེ་བའི་སྨན་པ་དང་སྨན་བཅོས་འགན་སྲུང་ལས་བྱེད་མི་སྣས་སྡེ་སྡོད་ལས་བྱེད་པ་དང་མཉམ་འབྲེལ་སྒོས་ཚབ་སྒྲུབ་ཞབས་ཞུ་སྤེལ་བར་སྐུལ་མ་བཏང་སྟེ།  འགྲོ་སོང་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་ལ་ཉིན་བརྒྱ་དང་བརྒྱད་ཅུའི་ནང་སྨན་རིན་རྩིས་ཞུ་བྱེད་ཐུབ་པར་བྱས་ནས།   མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་མི་ཐུབ་པ་དང་གཟིགས་སྐྱོང་སྲིད་ཇུས་དུས་ལྟར་ལོངས་སྤྱོད་བྱེད་མི་ཐུབ་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད།

ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་ཉེར་གཉིས་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་ལྔ་ཞིབ་འཇུག་གཏེན་འབེབས་བྱས་པ་དང་།   དེའི་ནང་གྲོང་གསེབ་ཀྱི་བདེ་ཐང་འཚོ་བ་དར་སྤེལ་གཏོང་བ་དང་གྲོང་གསེབ་ཀྱི་བདེ་ཐང་ཞབས་ཞུ་ལེགས་སྒྱུར་བྱེད་པ།  གྲོང་གསེབ་ཀྱི་བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ།   གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྱོང་བྱེད་པ།  གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་འདུས་ཡོད་ལ།   མཚོ་སྔོན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།