མཚོ་སྔོན་གྱིས་ཉིས་སྟོང་ཉེར་ལྔ་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ10པའི་ཚེས16ཉིན་ནི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཐེངས་ཞེ་ལྔ་པ་ཡིན་ལ།  འཛམ་གླིང་གི་འབྲུ་རིགས་ཉིན་མོའི་གཟའ་འཁོར་ནི་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་པ་དང་། བརྗོད་དོན་ནི་འབྲུ་རིགས་གྲོན་ཆུང་བྱེད་པར་མི་རེ་རེར་འགན་འཁྲི་ཡོད་ཅེས་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   འབྲུ་རིགས་ལ་དགའ་བ་དང་འབྲུ་རིགས་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་ཆེད།   ཞིང་ཆེན་འབྲུ་རིགས་ཅུའུ་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན།  ཞིང་ཆེན་སློབ་གསོ་ཐིན།   ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ།  གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།   ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་ཉིས་སྟོང་ཉེར་ལྔ་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་དང་།    ཞིང་ཆེན་ཡོངས་སུ་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད་དེ་གྲོན་ཆུང་ལག་བསྟར་ནན་མོ་བྱེད་པ་དང་ཆུད་ཟོས་བཀག་འགོག་བྱེད་པའི་དར་སྲོལ་བཟང་བོ་གྲུབ་པར་ཁྲིད་སྟོན་བྱས།

ཟླ10པའི་ཚེས16ཉིན།   2025ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་དུ་བདེ་བླག་ངང་སྤེལ།   བྱ་འགུལ་ཡུལ་དངོས་སུ་འགྲེམ་སྟོན་པང་ལེབ་སྒྲིག་པ་དང་འཕྲེད་བྱང་འགེལ་བ།   འབྲུ་རིགས་ལ་དགའ་བ་དང་འབྲུ་རིགས་གྲོན་ཆུང་བྱེད་པའི་ལག་དེབ་སྟེར་བ་དང་འབྲུ་རིགས་བདེ་འཇགས་སྲིད་ཇུས་དྲིལ་སྒྲོག་འགྲེལ་ཀློག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་དེ་མིན་འབྲུ་རིགས་གྲོན་ཆུང་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་རིགས་གསོག་འཇོག་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་།   ཞིང་ཆེན་འབྲུ་རིགས་ཅུའུ་ཡིས་ཡུལ་དངོས་སུ་བློ་འདྲི་ཞབས་ཞུའི་སྟེགས་བུ་བཙུགས་ནས་ཡུལ་དངོས་བློ་འདྲི་དང་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་ནས།   མཚོ་སྔོན་གྱི་སྤུས་ལེགས་བཟའ་སྣུམ་ཐོན་རྫས་འགྲེམ་སྟོན་བྱས་ཏེ།    མང་ཚོགས་ལ་འབྲུ་རིགས་གྲོན་ཆུང་དང་བཟའ་སྣུམ་འཚོ་བཅུད་བདེ་ཐང་ཤེས་བྱ་དྲིལ་སྒྲོག་འགྲེལ་ཀློག་བྱས་ནས་ཁྱིམ་ཚང་གི་བཟའ་བཅའ་གསོག་འཇོག་དུས་རིམ་དུ་འབྲུ་རིགས་ཆུད་ཟོས་སུ་གཏོང་ཚད་ཇེ་ཉུང་དུ་བཏང་།   ཡུལ་དངོས་སུ་བསྡོམས་པས་དྲིལ་སྒྲོག་ལག་དེབ་དྲུག་བརྒྱ་ལྷག་བྱིན་པ་དང་།   མང་ཚོགས་ཉིས་བརྒྱ་ལྷག་བྱེད་སྒོར་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།