
ཟླ10པའི་ཚེས16ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ཆེད་དམིགས་གདན་ཞུའི་བྱ་འགུལ་སྐབས་བཅོ་ལྔ་པ་སྤེལ། དེ་དང་ཆབས་ཅིག་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཡུལ་དངོས་གདན་ཞུའི་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་ཁེ་ལས་དང་ས་གནས་ཀྱི་རྒྱལ་དབང་ཁེ་ལས་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ནས་མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་གནས8000ལྷག་མཁོ་འདོན་བྱས་པ་དེ་ནུས་ཁུངས་གསར་པ་དང་། རྡོ་སྣུམ་རྫས་འགྱུར་བཟོ་ལས། ས་གཤིས་རྩད་ཞིབ། གློག་རྡུལ་ཆ་འཕྲིན་སོགས་ལས་རིགས་ཁྱབ་ཁོངས་ལ་འབྲེལ་ཡོད།
ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ཆེད་དམིགས་གདན་ཞུའི་བྱ་འགུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་གིས་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་ཡིན་པར་མ་ཟད། མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཁ་ཕྱོགས་པའི་ཆེད་དམིགས་གདན་ཞུའི་བྱ་འགུལ་སྐབས་བཅོ་ལྔ་པའི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཐིན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་འབྲེལ་ཡོད་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་དང་མཉམ་དུ་གྲ་སྒྲིག་བྱ་བ་སོ་སོར་གཅིག་གྱུར་གྱིས་སྐུལ་འདེད་བཏང་། ཀྲུང་དབྱང་ཁེ་ལས་དང་རྒྱལ་དབང་ཁེ་ལས་ཚོགས་འདུར་ཞུགས་པའི་མིང་ཐོ་འགོད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཁེ་ལས་ཀྱི་གདན་ཞུའི་དགོས་མཁོ་དང་ཚོགས་འདུར་ཞུགས་མཁན་མི་སྣ་སོགས་ཀྱི་ཆ་འཕྲིན་གསེད་བཀྲོལ་དང་ཕྱོགས་བསྡུས་བྱེད་པ། གདན་ཞུའི་ཡུལ་དངོས་ཀྱི་བྱེད་ནུས་ཁུལ་དབྱེ་འཆར་འགོད་བྱེད་པ། བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ་སོགས་སྣེ་ལེན་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་ནས་བྱ་འགུལ་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱས།
ཐེངས་འདིའི་ཡུལ་དངོས་གདན་ཞུའི་ཚོགས་འདུ་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་ཞིང་། “སྲིད་ཇུས་ཡོད་པ་དང་། ལས་གནས་ཡོད་པ། མཛུབ་ཁྲིད་ཡོད་པ”ཞེས་པའི་ཞབས་ཞུའི་དམིགས་འབེན་ལ་གཞིགས་ཏེ་ལས་ཞུགས་ཞབས་ཞུའི་ཆེད་ཁུལ་དང་གདན་ཞུའི་ཆེད་ཁུལ་གཉིས་སུ་དབྱེས་ནས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྐོར་གྱི་ཁ་གསབ་དང་ཡིག་ཚགས་བསྡུ་ལེན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་གཅིག་སྡུད་སྒོས་གསལ་འགྲེལ་བྱས། ཡུལ་དངོས་གདན་ཞུའི་ཚོགས་འདུར་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་ལྔའི2026ལོའི་མཐར་ཕྱིན་སློབ་མ3000ཙམ་དང་། སྐབས་སྔོན་མའི་ལས་ཞུགས་མ་བྱས་པའི་མཐར་ཕྱིན་སློབ་མ850ཙམ་ཞུགས་པ་དང་། གདན་ཞུའི་བྱ་འགུལ་ཁྱབ་རྒྱ་ཆེ་ཞིང་གནད་འཁེལ་ནུས་ལྡན་ཡོང་བར་འགན་སྲུང་བྱས། རྒྱུས་ལོན་བྱུང་བ་ལྟར་ན། གདན་ཞུའི་བྱ་འགུལ་དེ2026ལོའི་ཟླ6པའི་ཟླ་མཇུག་བར་རྒྱུན་མཐུད་རྒྱུ་ཡིན་པ་དང་། ཀྲུང་དབྱང་ཁེ་ལས་སོ་སོས་ཀྲུང་གོའི་རྒྱལ་ཁབ་འཇོན་མིའི་དྲ་བ་དང་། ཀྲུང་གོའི་ཤེས་རིག་གདན་ཞུའི་སྟེགས་བུ་སོགས་སུ་ལས་གནས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་དྲ་ཐོག་གདན་ཞུའི་བྱ་བ་སྤེལ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།