མཚོ་སྔོན་གྱིས་ཕྱོགས་མང་ནུས་ཤུགས་བཏོན་ནས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཁག་ཐེག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ10པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། “བདེ་འཇགས་འགན་ལེན་དང་།    དམངས་འཚོ་སྲུང་སྐྱོབ།    འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”དམིགས་འབེན་ལ་དམིགས་ཏེ། ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་འཐེན་བཤེར་བྱེད་པ་དེ་བྱེད་ཐབས་སུ་བྱས་ནས། འགོ་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་མང་ཐབས་ཇུས་ལག་བསྟར་བྱས་ཏེ་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དམ་འཛིན་ནན་མོ་བྱས་ནས། མཐའ་གཅིག་ཏུ་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོ་བཙུགས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་ཁག་ཐེག་བྱས།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལོ་སྟོད་ཀྱི་ལྟ་སྐུལ་འཐེན་བཤེར་དང་གླེང་ཕྱོགས་ཀྱི་ཐག་གཅོད་སོགས་གཞི་གྲངས་ཆ་འཕྲིན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། ལྟ་སྐུལ་འཐེན་བཤེར་གྱི་ཚད་དམའ་བ་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ལ་གཞི་ཚུགས་ནས།    སྤྱི་ཚོགས་སྤྱི་དམངས་དང་འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྤུས་ཚད་ཞིང་ཆེན་རིམ་པའི་ལྟ་སྐུལ་འཐེན་བཤེར་དང་ཉེན་ཁའི་ལྟ་ཞིབ་ཚད་ལེན་འཆར་གཞི》ཁྱབ་བསྒྲགས་བྱས་པ་དེ། རིགས་ཆེན་པོ12དང་དམངས་འཚོའི་ཐོན་རྫས119ལ་ཁྱབ་ཡོད།《མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་བཟོ་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དཀར་ཆག(2025ལོའི་པར་གཞི)》གཏན་འབེབས་བྱས་པ་དང་།   བདེ་འཇགས་དང་དམངས་ཚིས།  ཁྱད་ལྡན་ཐོན་ལས་བཅས་ཀྱི་ཐོན་རྫས་རིགས་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། འོད་ཤུགས་ཀྱི་ལྷུ་ལག་དང་ཅཱ་ལུད། གཡང་ཊིའི་རྒྱན་ཆ། ནོར་གནག་དང་འཁེལ་ཐག་ཐོན་རྫས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གཙོ་གནད་ལྟ་སྐུལ་དོ་དམ་ནང་བཅུག་ནས། ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། ནང་མཁོ་རྒྱ་བསྐྱེད།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ལེགས་པར་བཏོན་པས།    ལྟ་སྐུལ་དོ་དམ་གནད་ལ་འཁེལ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།

ཞིང་ལས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་འདྲེས་སྦྱོར་ལུད་དང་སྐྱེ་ལྡན་ལུད། ཞིང་སྤྱོད་འགྱིག་ཤོག  ཞིང་ལས་འཕྲུལ་ཆས་སོགས་གཙོ་གནད་ཐོན་རྫས་ལ་དམིགས་ནས། རྟོག་ཞིབ་ནན་མོ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཐུད་ས་ཁུལ་གྱི་ཞིང་ལས་དངོས་རྫས་དང་། བཅོས་སྣུམ་བཙོང་མཁན་བཅས་འཐེན་བཤེར་གྱི་གཙོ་གནད་དུ་བརྩིས་ནས། 12315ཡི་ཞུ་གཏུག་ཁ་པར་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས། ལྟ་སྐུལ་འཐེན་བཤེར་ཚད་ལྡན་ཡིན་མིན་དབྱེ་ཞིབ་བྱེད་པ་སོགས་མ་དཔེ་འདེམས་པར་ཟུང་འབྲེལ་བྱས་ཏེ།  བསྡོམས་པས་ཞིང་ཐོན་དངོས་རྫས་ཀྱི་ཁེ་ལས140ལ་འཐེན་བཤེར་བྱས་པ་དང་། ཞིང་བཀོལ་ལུད་རྫས་དང་ཞིང་བཀོལ་འགྱིག་ཤོག ཞིང་ལས་འཕྲུལ་ཆས172ལ་འཐེན་བཤེར་བྱས་པ་མ་ཟད།  6.97%གྱི་ཚད་ལྡན་མིན་པའི་གནད་དོན་རྙེད། བཀོལ་སྤྱོད་མགྱོགས་པའི་ཞིབ་དཔྱད་ཚད་ལེན་རྩལ་གསར་སྐྲུན་བྱས་ཏེ། ཡུལ་དངོས་སུ་སྣུམ་ཐོན་རྫས་ཀྱི་མུ་ཟི་འདུས་ཚད་སོགས་འགག་རྩའི་དམིགས་ཚད་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་པ་དང་། དུས་ཡུན་ཐུང་ངུའི་ནང་མཇུག་འབྲས་ཐོན་པར་བྱས་ཏེ། སྲོལ་རྒྱུན་གྱི་ཞིབ་དཔྱད་ཚད་ལེན་གྱི་དུས་ཡུན་རིང་བའི་དཀའ་གནད་ཐག་གཅོད་བྱས་ནས། སྣུམ་སྣོན་ས་ཚིགས80ཡི་སྣུམ་ཐོན་རྫས་ཐེངས164ཡི་སྣུམ་ལ་འཐེན་བཤེར་བྱས་པ་དང་། ཚད་ལྡན་མིན་པའི་ཐོན་རྫས་ཐེངས2རྩིས་སྤྲོད་ཐག་གཅོད་བྱེད་དུ་བཅུག

དེ་དང་ཆབས་ཅིག བཟོ་ལས་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་ལས་ཁུངས་ཀྱིས་སྤུས་ཚད་བདེ་འཇགས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྔར་ལས་སྐུལ་འདེད་བཏང་ནས། འཁོར་སྐྱོད་ཀྱི“ཉིན་རེའི་དོ་དམ་ཚོད་འཛིན་དང་གཟའ་འཁོར་རེར་ཞིབ་བཤེར།  ཟླ་རེའི་བཀོད་གཏོང་བཅས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས།  ཁེ་ལས་སུ་འགན་འཁྲིའི་མི་སྣ་གཙོ་བོ་དང་སྤུས་ཚད་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་པ། སྤུས་ཚད་བདེ་འཇགས་མི་སྣ་བཅས་བཀོད་སྒྲིག་བྱེད་པར་ལྟ་སྐུལ་བྱས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་འཐེན་བཤེར་བརྒྱུད་རིམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་།  ཞིབ་བཤེར་འགན་འཁུར་ལས་ཁུངས་རྩ་འཛུགས་བྱས་ནས་ཁྲིམས་སྲོལ་གྱི་ཚད་གཞིའི་གསོ་སྦྱོང་བྱས་ཏེ། ལག་རྩལ་མི་སྣའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། ཁེ་ལས་ཀྱིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་ཞིབ་ཐོ་གཏན་འབེབས་དང་འཐུས་ཚང་དུ་གཏོང་བར་རོགས་རམ་བྱས་ལ། ཡུལ་དངོས་སུ་ཁེ་ལས་ལ་རོགས་རམ་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་གནད་དོན་ཐག་གཅོད་བྱས།

ཤ་བོ་རིན་མཚོས་བསྒྱུར།