
ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། མཚོ་སྔོན་གྱིས་དམ་ཟབ་ཅན་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་གཞི་རིམ་དུ་བསྐྱོད་པར་ཁྲིད་སྟོན་བྱས་ཏེ། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་དང་། མང་ཚོགས་ཀྱིས་ནད་སྟོན་པར་སྟབས་བདེ་གང་ལེགས་བསྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ཞིང་ཆེན་ཡོངས་ཀྱི་རྫོང་སོ་བརྒྱད་ཀྱིས་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ཏེ། རྫོང་རིམ་པའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྨན་ཁང་གཙོར་བྱས་པ་དང་། ཁུལ་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་ལག་རྩལ་མཐུན་སྦྱོར་རོགས་ལས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་གཞི་གཅིག་ཅན་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཁོར་སྐྱོད་ཀྱི་ནང་རྐྱེན་གསར་པ་བཙུགས་ནས་རིམ་པ་གསུམ་པའི་སྨན་ཁང་གིས་ནད་རིགས་གསོ་བཅོས་ནན་མོ་བྱེད་རྒྱུ་གཙོར་འཛིན་པ་དང་རིམ་པ་གཉིས་པའི་སྨན་ཁང་གིས་བརྒྱུད་སྤྲོད་སྨན་བཅོས་དང་ལེན་བྱེད་པ། གཞི་རིམ་གྱིས་ནད་རིགས་ཀྱི་དུས་སྐབས་སྔོན་གྱི་འགོག་བཅོས་དང་ཁམས་གསོ་དོ་དམ་བྱེད་པར་སྐུལ་འདེད་བཏང་།
མཚོ་སྔོན་གྱིས་སྨན་བཅོས་ཐོན་ཁུངས་ལེགས་སྒྲིག་བྱ་རྒྱུ་དེ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་གྱི་གཙོ་གནད་དུ་བྱས་ནས་སྨན་ཁང་གཙོ་བོའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། གཞི་རྩའི་སྨན་བཅོས་སྒྲིག་ཆས་རིམ་བཞིན་བཀོད་སྒྲིག་ཆ་ཚང་བྱས་ཤིང་། མཉམ་སྤྱོད་ཀྱི་སྙིང་གློག་བརྟག་དཔྱད་དང་གསོ་རིག་ཞིབ་བཤེར་སོགས་ལྟེ་གནས་བཙུགས་པར་མ་ཟད། གཞི་རིམ་གྱིས་བརྟག་དཔྱད་དང་རིམ་པ་གོང་མས་བརྟག་བཅོས་བྱེད་པར་སྐུལ་འདེད་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་ཆེད་མཁས་པའི་ཐོན་ཁུངས་དང་སྨན་བཅོས་ལག་རྩལ། སྨན་རྫས་འགན་སྲུང་སོགས་གོང་འོག་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་།
ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། གཞུང་བཙུགས་སྨན་ཁང་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ལ་རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་སློབ་ཁྲིད། རྒྱང་བསྟེན་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་བཏང་ནས། གྲོང་ཁྱེར་དང་རྫོང་རིམ་པའི་རྒྱང་བསྟེན་སྨན་བཅོས་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། རྫོང་རིམ་པའི་སྨན་བཅོས་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ནས་ཞབས་ཞུའི་ནུས་པའི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་བཏང་། ཁུལ་དྲུག་གི་མི་དམངས་སྨན་ཁང་དང་གཙོ་གནད་རོགས་སྐྱོར་བྱེད་པའི་རྫོང་སྨན་ཁང་བཅུ་བཞི་ལ་ལྟེ་གནས་ལྔ་འཛུགས་སྐྲུན་བྱས་པར་མ་ཟད་ཞིབ་བཤེར་རྩིས་ལེན་ཐོབ་ནས་རྫོང་སྨན་ཁང་བཅུ་བཞིར་བདེ་ཐང་དོ་དམ་ལྟེ་གནས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས།
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལོ་རེར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་བར་རོགས་སྐྱོར་བྱས། 2023ལོ་ནས2025ལོའི་བར། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་དྲུག་བཏང་ནས་སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་མཐོར་འདེགས་ལས་གཞི་ལག་བསྟར་བྱས། དེའི་ནང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བདུན་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་སྨན་བཅོས་སྒྲིག་ཆས་རིམ་སྤོར་དང་ཁྱད་ལྡན་ཚན་ཁག་འཛུགས་སྐྲུནལ་ཤུགས་སྣོན་པ། འཇོན་མིའི་གསོ་སྦྱོང་སྤེལ་བ་སོགས་ཀྱི་ཐད་བཀོལ་བ་དང་། དེའི་འཕྲོའི་མ་དངུལ་ཚང་མ་སྨན་ཁང་གིས་སྒྲིག་ཆས་གཙོ་བོ་ཉོ་སྒྲུབ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། ནད་ཐོག་སྨན་བཅོས་ལག་རྩལ་ཁྱབ་གདལ་གཏོང་བ། སྔོན་ཐོན་ལག་རྩལ་ནང་འདྲེན་སོགས་ཀྱི་ཐད་བཀོལ།
ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་ཆུ་ཚད་མཐོ་བའི་སྨན་བཅོས་ཆེད་མཁས་པ་འདེམ་མངགས་བྱས་ནས། བཤད་རོགས་ཁྲིད་གསུམ་གྱི་བྱེད་ཐབས་བརྒྱུད་དེ་ས་གནས་ཀྱི་སྨན་བཅོས་མི་སྣ་གསོ་སྐྱོང་བྱས་པར་མ་ཟད། མཚོ་སྔོན་གྱི་སྨན་བཅོས་མི་སྣ་རོགས་སྐྱོར་སྨན་ཁང་དུ་སོང་ནས་ཟབ་སྦྱོང་བྱས་ནས་ཁུལ་དང་རྫོང་རིམ་པའི་སྨན་ཁང་གིས་རྒྱུན་མཐོང་ནད་དང་འབྱུང་ཐེངས་མང་པའི་ནད། དེ་མིན་ནད་རིགས་ཚབས་ཆེན་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས། 2023ལོའི་ཚུན་ལ་བསྡོམས་པས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ་ལྔ་བརྒྱ་སོ་བདུན་བསྡུ་ལེན་བྱས་པ་དང་། ཚང་མ་ལས་གནས་སུ་ཐོན་ཡོད་པར་མ་ཟད་སྒྲིག་ཁོངས་དོ་དམ་ཁྲོད་བཅུག་ནས་གཞི་རིམ་སྨན་པའི་དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།