མཚོ་སྔོན་གྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་གཙོ་སྒྲུབ་དང་། ཀྲུང་གོའི་མི་དམངས་རྒྱུ་ནོར་ཉེན་འགོག་མ་རྐང་ཚད་ཡོད་ཀུང་ཟི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་སྤེལ། ད་ལོའི་དྲིལ་སྒྲོག་ཟླ་བར་ཀྲུང་གོའི་སྨན་བཅོས་འགན་བཅོལ་གྱིས་ཚེ་གང་བོར་འགན་སྲུང་བྱེད་ཅེས་པ་བརྗོད་གཞིར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཕྱོགས་སོ་སོའི་སྟོབས་ཤུགས་རྒྱ་ཆེར་གཅིག་སྡུད་བྱེད་པ་དང་། དྲིལ་སྒྲོག་སྐུལ་སློང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་ཤེས་རྟོགས་ཚད་དང་འགན་བཅོལ་ནང་ཞུགས་པའི་བརྩོན་སེམས་རང་བཞིན་ཇེ་ཆེར་གཏོང་ཆེད་རེད།

མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། དགའ་སྤྲོའི་གླུ་གར་གྱིས་བྱ་འགུལ་གྱི་སྒོ་མོ་དངོས་སུ་ཕྱེས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུའུ་ཚང་མིན་སྲང་ལམ་སྡེ་ཁུལ་གྱི་སྡོད་དམངས་ཞའོ་ཀྲང་གིས་ཡུལ་དངོས་སུ་འགན་བཅོལ་ནང་ཞུགས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ་མང་ཚོགས་ལ་དེར་མཐུན་གྱི་ཚོར་སྣང་བྱུང་།  བྱ་འགུལ་ཡུལ་དངོས་སུ་སྲིད་ཇུས་དྲིལ་སྒྲོག་བྱེད་ས་བཀོད་སྒྲིག་བྱས་ཡོད་ལ། སྨན་བཅོས་འགན་བཅོལ་གྱི་ལས་བྱེད་མི་སྣས་གྲོང་མིས་སེམས་ཁུར་བྱེད་པའི་སྨན་བཅོས་འགན་བཅོལ་སྤྲོད་པ་དང་ཐོབ་ཐང་ལོངས་སྤྱོད་སྲིད་ཇུས་ལ་དམིགས་ནས་གཅིག་གཏད་གཅིག་གི་སྒྲོག་འགྲེལ་བྱས་པས། གྲོང་མི་མི་ཉུང་བ་ཞིག་གིས་འགན་བཅོལ་ནང་ཞུགས་པའི་ལག་དེབ་སོགས་རྒྱུ་ཆ་བླངས། བརྟག་དཔྱད་ཞབས་ཞུའི་ཁུལ་དུ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་མང་པོའི་ཆེད་མཁས་པས་གྲོང་མིའི་ཁྲག་ཤེད་དང་ཁྲག་ཧྭགས་ཚད་འཇལ་བྱས་པ་དང་། སྨན་བཅོས་འདྲི་རྩད་དང་བརྟག་དཔྱད་སོགས་དམངས་བདེ་ཞབས་ཞུ་སྤེལ་ནས། གྲོང་མི་མང་པོ་ཉམས་ལེན་བྱེད་པར་བཀུག

དྲིལ་སྒྲོག་ཟླ་བའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་དང་ཟུར་མང་པོ། རྣམ་པ་མང་པོ་བཅས་ཀྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་བ་དང་། སྲིད་ཇུས་བཅོས་སྒྱུར་དམངས་ལ་ཕན་པ་དང་སྨན་བཅོས་འགན་བཅོལ་ཞབས་ཞུ་འདོན་སྤྲོད། ཕྱོགས་མང་དྲིལ་སྒྲོག་གི་ཕན་ནུས་འཕར་བ་སོགས་ལ་དམིགས་ནས། སྨན་བཅོས་ཉེན་འགོག་རོགས་སྐྱོར་དང་འགན་འཁྲི་མཉམ་འཁུར། མཉམ་སྐྲུན་མཉམ་སྤྱོད་བཅས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། མི་རེ་རེ་འགན་བཅོལ་ནང་ཞུགས་པ་དང་རང་འགུལ་ངང་འགན་བཅོལ་ནང་ཞུགས་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས2025ལོའི་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། 2026ལོའི་འགན་བཅོལ་ནང་ཞུགས་པའི་བྱ་བ་ནན་ཏན་གྱིས་འཆར་འགོད་བྱས། དམིགས་ས་གསུམ་དང་གནད་འཁེལ་གསུམ་གྱི་བྱ་བའི་སྒྲིག་གཞི་ཧུར་ཐག་གིས་བཙུགས་ནས། བསྟུད་མར་འགན་བཅོལ་ནང་ཞུགས་པའི་མི་སྣའི་ནད་ཚབས་ཆེན་གྱི་ཉེན་འགོག་གཏོང་སྤྲོད་ཚད་ཇེ་མཐོར་བཏང་། གཅིག་སྡུད་རིན་སྤྲོད་དུས་སྐབས་ལེགས་སྒྲིག་བྱས་ཏེ། རིན་སྤྲོད་དུས་སྐབས་སུ་འགན་བཅོལ་ནང་ཞུགས་མེད་པ་ཡང་ན་བསྟུད་མར་འགན་བཅོལ་ནང་ཞུགས་མེད་མཁན་ཚོར་ཐོབ་ཐང་གཏན་འཁེལ་ལ་སྒུག་པའི་དུས་སྐབས་དང་ཐོབ་ཐང་འགྱུར་ལྡོག་ལ་སྒུག་པའི་དུས་སྐབས་བཀོད་སྒྲིག་བྱས་ཤིང་། ན་གཞོན་དར་མ་དག་གི་གདམ་གའི་རང་བཞིན་གྱི་འགན་བཅོལ་ནང་ཞུགས་ཚད་ཇེ་ཉུང་དུ་བཏང་། བསྐྱོད་པ་ཆེན་མོ་བརྒྱད་ཀྱི་བྱ་འགུལ་སྤེལ་ནས། གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་པ་དང་། དུས་བཅད་བཅར་འདྲི་དང་སྐོར་ཞིབ་སྨན་སྐྱེལ། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ང་རང་འགན་བཅོལ་ནང་ཞུགས་དགོས་སམ་ཞེས་པ་ནས་ང་འགན་བཅོལ་ནང་ཞུགས་རྒྱུ་ཡིན་ཞེས་པར་འགྱུར་ལྡོག་བྱུང་སྟེ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁེབས་རྒྱ་ཇེ་ཆེ་དང་སྤུས་ཚད་མཐོར་འདེགས། ཕན་ནུས་ཇེ་ཆེར་འགྲོ་བ་བཅས་ལ་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།