སྔོན་གྱི་དུས་ཚིགས་གསུམ་པར་མཚོ་སྔོན་གྱིས་ཡུལ་སྐོར་པ་མི་ཐེངས་བྱེ་བ་ལྔ་ས་ཡ་དྲུག་འབུམ་གཅིག་ཁྲི་གསུམ་དང་སྟོང་དྲུག་སུམ་བརྒྱ་སྣེ་ལེན་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོས་གཅིག་འདོམས་འཆར་འགོད་དང་། མཐུན་སྦྱོར་ཤུགས་འདོན་བྱས་ཤིང་། གོང་འོག་མཉམ་སྒུལ་དང་བསྟུད་མར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་སྤུས་ཚད་སྤྱིའི་ཆ་ནས་མཐོར་འདེགས་དང་བདེ་འཇགས་གོ་རིམ་ལྡན་པ་ནུས་ལྡན་སྒོས་མངོན་འགྱུར་བྱས། སྔོན་གྱི་དུས་ཚིགས་གསུམ་པར། ཞིང་ཆེན་ཡོངས་ནས་ཡུལ་སྐོར་པ་མི་ཐེངས་བྱེ་བ་ལྔ་ས་ཡ་དྲུག་འབུམ་གཅིག་ཁྲི་གསུམ་དང་སྟོང་དྲུག་སུམ་བརྒྱ་སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་གསུམ་དྲུག་འཕར། ཡུལ་སྐོར་པའི་སྤྱིའི་དངུལ་གཏོང་ཚད་སྒོར་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་དྲུག་ཡིན་ཞིང་། དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ཐིག་ལྔ་འཕར། ས་གནས་སོ་སོས་བྱ་བ་གཙོ་བོ་འབུར་ཐོན་དུ་བསྒྲུབས་པས་གྲུབ་འབྲས་མངོན་གསལ་རེད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཚད་མཐོའི་ཞབས་ཞུར་མཐུན་སྦྱོར་དང་ཞུ་གཏུག་ཉུང་གཏོང་དང་སྤུས་ཚད་མཐོར་གཏོང་གི་སྲོག་ཤིང་ལས་འགན་ཞིབ་ཚགས་སྒྲུབ་པར་བརྟེན། ལྗོངས་ཁུལ་གྱི་རྨང་བརྟན་གསར་སྒྱུར་བཟོ་བསྐྲུན་ལག་བསྟར་བྱས་ཏེ། ཚྭ་ཁའི་ཚྭ་མཚོ་དང་། ཧའེ་ཏུའུ་ཧྲན་སོགས་ཡུལ་སྐོར་པ་མང་ས་དང་། གཟིག་མཐོང་སྲང་ལམ་དང་ཞ་ནན་ཀོན་སྲང་ལམ་སོགས་གསར་སྒྱུར་རིམ་སྤོར་བྱས་ལ། སྤྱོད་ཁང་ཉུང་ཞིང་རླངས་འཁོར་འཇོག་ས་མེད་པ་སོགས་མང་ཚོགས་འཕྲད་པའི་གནད་དོན་གནད་འཁེལ་སྒོས་སེལ་ཐུབ་བྱས། རིག་གནས་རྟེན་མཛོད་གླིང་ཁུལ་གྱི་དུས་གཡོལ་ཞབས་ཞུ་འགྲེམས་སྤེལ་བྱས་ནས་རིག་གནས་རྟེན་མཛོད་གླིང་ཁུལ་ཡུལ་སྐོར་གྱི་ཁྱད་ཆོས་གསར་བ་ཞིག་ཏུ་གྱུར། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོའི་བར་གྱི་གཞུང་ལམ་ཕྱོགས་ཡོངས་ནས་གེགས་མེད་ཡོང་བར་བྱས་ཏེ། ལམ་རྒྱུད་ཀྱི་རླངས་འཁོར་འདུག་ས་ཆེ་གྲས་བཅུ་ཡིས་ཡུལ་སྐོར་པས་རླངས་འཁོར་བསྡད་ནས་ངལ་གསོ་ལྗོངས་རྒྱུ་བྱེད་པར་སྟབས་བདེ་འདོན་སྤྲོད་བྱས། ཨང་རྟགས་དང་པོ་ལྔའི་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་ཆེན་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ། འགྲོ་ལམ་མྱུར་ཞིང་ཡུལ་ཁམས་དལ་བར་བསྐོར་བའི་འགྲིམ་འགྲུལ་དྲ་བ་བཙུགས། ལོ་ལོན་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཤར་གཏོང་བྱས་ཏེ་ཀྲེ་ཅང་དང་། ཅང་སུའུ་སོགས་ས་ཁུལ་གྱི་ལོ་ལོན་ཡུལ་སྐོར་པ380ལྷག་ཚུར་བཀུག  ལམ་ཐིག་གཅིག་ཏུ་ཡུལ་སྐོར་ལྗོངས་ཁུལ་མང་བ་སྟེ་ཟི་ལིང་དང་། མང་ངེའི་མཚེའུ་སྔོན་པོ། ཧའེ་ཏུའུ་ཧྲན་སོགས་མཐོ་སྒང་གི་ལྗོངས་ཁུལ་ལ་བརྟེན་ནས། ཉིན་མཚན་ལྔའི་རིང་གི་ལོ་ལོན་ཡུལ་སྐོར་གྱི་ཁྱད་ལྡན་ལམ་ཐིག་བསྐྲུན། མཚོ་སྔོན་གྱི་འཐེན་ཐུག་དང་ཞོན་རྒྱུགས་ས་ཚིགས་ཀྱི་འཛད་སྤྱོད་རྣམ་པ་གསར་དུ་བཏོད་དེ། མཚོ་སྔོན་གྱི་གསོལ་མགྲོན་ཚོང་རྟགས་ཀྱི་ཤུགས་རྐྱེན་ཁྱབ་ཆེ་རུ་བཏང་ནས། ཞང་ཀང་དང་པེ་ཅིང་དུ་ཆེད་དོན་མྱོང་རོལ་ཚོགས་འདུ་བསྡུས་ཤིང་། འཛད་སྤྱོད་མཁན་མི་ཐེངས་ས་ཡ་གཅིག་འབུམ་ལྔ་ལས་བརྒལ།

ཡུལ་སྐོར་པ་མང་བའི་དུས་ཚིགས་སུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་རང་སྟེང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ངེས་གནས་དང་ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། གནད་འཁེལ་ཇུས་བསྟར་དང་བསྣོལ་མར་ཤུགས་འདོན་གྱིས། བར་ཁྱད་ཅན་གྱི་སྐུལ་སྤེལ་དང་ཁ་གསབ་རང་བཞིན་གྱི་ནུས་ལྡན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱས། གྲོང་ཁྱེར་དང་ཁུལ་སོ་སོས་ཁུལ་ཁོངས་ཀྱི་དགེ་མཚན་གཏིང་ཟབ་ཏུ་སྔོག་འདོན་དང་། ཁྱད་གཤིས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། གསལ་འབྱེད་ཀྱི་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་བསྐྲུན་ལ། མཉམ་སྒུལ་དམ་ཟབ་དང་མཐུན་སྦྱོར་འཕེལ་རྒྱས་སུ་བཏང་སྟེ། ཁུལ་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྡེབ་སྒྲིག་དང་བྱེད་ནུས་གསབ་རེས་ཤུགས་དྲག་ཏུ་འགྱུར་བར་བྱས་ནས། ཁུལ་ཁོངས་ཡོངས་མཐུན་སྦྱོར་དང་། སྣེ་མང་འབུར་དུ་ཐོན་པའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ལྗོངས་རྣམ་ཧྲིལ་བོའི་མཛེས་རིས་མཉམ་དུ་བཀོད།

རིག་འཛིན་སྒྲོལ་མས་བསྒྱུར།