
ཟླ10པའི་ཚེས21ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་བསྒྲགས་པ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཆུང་བརླན་ས་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དར་ལག་ཆུ་བོའི་འགྲམ་གཉིས་ཀྱི་བརླན་ས་རྒྱལ་ཁབ་ཀྱི་གལ་ཆེའི་བརླན་སའི་མིང་གཞུང་དུ་ཚུད། མིག་སྔའི་བར། མཚོ་སྔོན་ལ་རྒྱལ་སྤྱིའི་གལ་ཆེའི་བརླན་ས་བཞི་ཡོད་པ་དང་རྒྱལ་ཁབ་ཀྱི་གལ་ཆེའི་བརླན་ས་ལྔ་ཡོད།
འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། ཞིང་ཆེན་སོ་སོའི་སྙན་ཞུ་འབུལ་བ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོས་ཞིབ་དང་དཔྱད་སྒྲུབ་བྱས་པ་བརྒྱུད། ཟླ10པའི་ཚེས16ཉིན། རྒྱལ་ཁབ་ཀྱི་གལ་ཆེའི་བརླན་སའི་མིང་གཞུང་སྐོར་གསར་པ་ཁྱབ་བསྒྲགས་བྱ་རྒྱུར་འཐད་པ་བྱུང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཞེས་པ་ནི་བརླན་སའི་སྐྱེ་ཁམས་ཀྱི་བྱེད་ནུས་དང་ཕན་འབྲས་ལ་རྒྱལ་ཁབ་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། 《རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གཏན་འཁེལ་དམིགས་ཚད》དང་མཐུན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར་སྲུང་སྐྱོབ་དང་དོ་དམ་བྱེད་པའི་བརླན་ས་ལ་ཟེར། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུ་ནི་བརླན་སའི་རིམ་དབྱེ་དོ་དམ་དོན་འཁྱོལ་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ། དོ་དམ་བཅས་བྱེད་པའི་རྨང་གཞི་བྱ་བ་ཞིག་རེད།
གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཆུང་རྒྱལ་ཁབ་ཀྱི་གལ་ཆེའི་བརླན་ས་ནི་ཚྭ་འདམ་གཞོང་གི་ཤར་བྱང་མཐའ་མཚམས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་སུམ་སྟོང་བརྒྱད་བརྒྱ་ལྷག་ཡོད། གཙོ་བོ་ནི་མདོ་དབུས་མཐོ་སྒང་གི་མཚེའུ་དང་བརླན་སའི་སྐྱེ་ཁམས་མ་ལག ཁྲུང་ཁྲུང་སྐེ་ནག་དང་ངང་བ་དཀར་པོ་སོགས་རྩ་ཆེ་ལ་རྒྱུད་ཆད་ལ་ཡོད་པའི་སྲོག་ཆགས་དང་འཚོ་སྡོད་གནས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། བརླན་ས་དེར་རི་སྐྱེས་སྲོག་ཆགས་ཀྱི་རིགས105ལྷག་ཡོད་པ་དང་། རི་སྐྱེས་སྐྱེ་དངོས་ཀྱི་རིགས་བརྒྱད་ཅུ་ཡོད། མཚོ་ཆུང་བརླན་ས་ནི་འཛམ་གླིང་གི་དུས་བྱ་གནས་སྤོ་དྲ་རྒྱའི་ཁྲོད་ཨེ་ཤེ་ཡ་དབུས་མའི་གནས་སྤོ་ལམ་ཐིག་གིས་མདོ་དབུས་མཐོ་སྒང་གི་ལྟེ་བའི་མཁོ་སྤྲོད་ས་ཚིགས་དང་ངལ་གསོའི་གནས་ཞིག་ཡིན་པས། སྐྱེ་དངོས་རིགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ཚབ་བྱེད་དཀའ་བའི་སྐྱེ་ཁམས་ཀྱི་རིན་ཐང་ལྡན། བརླན་ས་དེར་རྩ་ཆེའི་ཚྭ་མཚོའི་ཐོན་ཁུངས་ལྡན་ལ། དེ་ནི་ཚྭ་འདམ་གཞོང་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཆུ་སྐྱེས་སྐྱེ་དངོས་ཁྱབ་གདལ་རྒྱ་ཁྱབ་ཀྱི་ཚྭ་མཚོའི་གྲས་ཤིག་ཡིན་པ་དང་། ཚྭ་མཚོའི་སྐྱེ་ཁམས་མ་ལག་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན།
དར་ལག་རྫོང་དར་ལག་ཆུ་བོའི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་དར་ལག་དང་དགའ་བདེ་རྫོང་གཉིས་ཀྱི་མངའ་ཁོངས་སུ་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་སྟོང་གཉིས་དང་དགུ་བརྒྱ་ཉེར་དྲུག་ལྷག་ཡོད། གཙོ་བོ་ནི་མཐོ་འཁྱགས་ཀྱི་སྤང་ཐང་དང་ན་འདམ། ཆུ་བོའི་བརླན་སའི་སྐྱེ་ཁམས་མ་ལག་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་མཆུ་དམར་སོགས་རྩ་ཆེ་ལ་རྒྱུད་ཆད་ལ་ཉེ་བའི་རིགས་དང་དེ་མིན་འཚོ་སྡོད་གནས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་རིགས་བརྒྱ་དང་བཅུ་དྲུག་ལྷག་ཡོད་ལ། རི་སྐྱེས་སྐྱེ་དངོས་རིགས་ཉིས་བརྒྱ་ལྷག་ཡོད། དར་ལག་ཆུ་བོ་ནི་རྨ་ཆུའི་ཡན་ལག་ཞིག་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་བརླན་སའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཆུ་བོ་ནི་དམིགས་བསལ་གྱི་དེད་བསགས་ཆུ་ཀླུང་ཡིན་པ་དང་། སྣ་རྐྱང་དང་སྣེ་མང་བརྗེ་རེས་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་རྒྱུད་ཆགས་ཡོད། མཉམ་འདུས་སྐྱེ་ཁམས་མ་ལག་དང་རང་བྱུང་མཛེས་ལྗོངས་དེ་རིགས་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་དཔེ་མཚོན་རང་བཞིན་ལྡན།
ཤ་བོ་རིན་མཚོས་བསྒྱུར།