མཚོ་སྔོན་ཞིང་ཆེན་རིམ་པའི་ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུའི་དྲ་ཚིགས་དེ་གྲོང་ཁྱེར་དང་ཁུལ་ཡོངས་སུ་ཁེབས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ10པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་རྒྱུ་ནོར་བདག་དབང་ཆ་འཕྲིན་གྱི་སྤྱི་བའི་ཞབས་ཞུའི་དྲ་ཚིགས་ཀྱི་ཆོག་མཆན་ཐོབ་པའི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་ཤིང་། དེས་མཚོ་སྔོན་གྱིས་གྲོང་ཁྱེར་དང་ཁུལ་བརྒྱད་དུ་ཞིང་ཆེན་རིམ་པའི་ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུའི་དྲ་ཚིགས་ཀྱི་སྒྲིག་གཞི་ལེགས་འགྲུབ་བྱུང་བ་མཚོན་ལ། ཁུལ་ཁོངས་ཡོངས་སུ་ཁེབས་པའི་ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུ་དྲ་རྒྱའི་མ་ལག་བཙུགས།

དྲ་ཚིགས་འཛུགས་སྐྲུན་གྱི་འཆར་གཞིའི་ཐད། མཚོ་སྔོན་གྱིས་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་། ཐོན་ལས་གླིང་ཁུལ་དང་། ཆེད་ལས་ཞབས་ཞུའི་ལས་ཁུངས་སོགས་སྤུས་ལེགས་ཐོན་ཁུངས་དག་སྒྲིག་གང་ལེགས་བྱས་ཤིང་། ཚན་རིག་གི་གཅིག་འདོམས་དང་གནད་འཁེལ་བཀོད་སྒྲིག་བྱས་པ་བརྒྱུད་དེ། ཞབས་ཞུ་དྲ་རྒྱ་རྒྱུན་མཐུད་སྒོས་འཐུས་ཚང་དུ་བཏང་། མིག་སྔའི་བར། ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུའི་དྲ་ཚིགས་བཅོ་བརྒྱད་བཙུགས་ཡོད་ལ། དེའི་ཁྲོད་དཔེ་མཛོད་ཁང་ལ་བརྟེན་ནས་བཙུགས་པའི་དྲ་ཚིགས་ཀྱི་ཟིན་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ་བ་དང་།  མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་། ཐོན་ལས་གླིང་ཁུལ་བཅས་ལ་བརྟེན་ནས་བཙུགས་པའི་དྲ་ཚིགས་ཀྱི་ཟིན་ཚད་བརྒྱ་ཆའི་ཉི་ཤུ་ལས་བརྒལ་ཡོད་སྟབས། རིམ་པ་གསལ་ཞིང་སྣ་མང་མཐུན་སྦྱོར་གྱི་ཞབས་ཞུའི་རྣམ་པ་ཞིག་ཆགས་ཡོད། དེ་ལས་གཞན། རྒྱལ་ཁབ་རིམ་པའི་དྲ་ཚིགས་དང་ལག་རྩལ། གསར་གཏོད་རྒྱབ་སྐྱོར་ལྟེ་གནས་བཅས་ཀྱི་མཉམ་འགུལ་ཟབ་མོ་བརྒྱུད་དེ། ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་དེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཆ་སྙོམས་ཀྱིས་བཀོད་སྒྲིག་དང་ནུས་མཐོ་སྒོས་མཉམ་སྤྱོད་བྱས།

ཞབས་ཞུའི་ཕན་ནུས་ཐད། རིམ་པ་སོ་སོའི་ཞབས་ཞུའི་དྲ་ཚིགས་ཀྱིས་ཆེད་ཁེ་ཚོང་རྟགས་འདྲི་རྩད་དང་ཆ་འཕྲིན་འཚོལ་བཤེར་དབྱེ་ཞིབ། སྲིད་ཇུས་དྲིལ་སྒྲོག་གསབ་སྦྱོང་། འགན་དབང་སྲུང་སྐྱོབ་རོགས་སྐྱོར་སོགས་ཀྱི་རྨང་་གཞིའི་ཞབས་ཞུར་དམིགས་ནས། སྒེའུ་ཁུང་གཅིག་གནས་མཉམ་དུ་བསྒྲུབ་པ་དང་། དྲ་ཚིགས་གཅིག་ནས་མཉམ་དུ་བསྒྲུབ་པའི་ཞབས་ཞུའི་རྣམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས། ཁུལ་ཁོངས་ཀྱི་ཐོན་ལས་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་བ་སོགས་གཙོ་གནད་ཐོན་ལས་གཅིག་འདུས་ཁུལ་དུ། ཆེད་ཁེའི་ལམ་སྟོན་དང་ཉེན་ཁའི་སྔོན་བརྡ། ཚོང་རྟགས་དང་ས་ཁམས་མཚོན་རྟགས་འགོད་པ་སོགས་ཀྱི་བྱ་བ་སྤེལ་བ་དང་། ཤེས་བྱའི་རྒྱུ་ནོར་བདག་དབང་གི་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་གསར་གཏོད་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་གྱིས་ཇེ་མཐོར་བཏང་།

མཚོ་སྔོན་གྱིས་ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུའི་མ་ལག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ཏེ། ཞབས་ཞུའི་ཐོན་ཁུངས་རྫོས་ཁོངས་དང་ཐོན་ལས་གླིང་ཁུལ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཞབས་ཞུའི་དྲ་ཚིགས་འཛུགས་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་རེད། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་ཞབས་ཞུའི་རྐྱེན་སྲོལ་སྔར་ལས་ཟབ་སྤེལ་བྱས་ནས། དྲ་ཚིགས་གཅིག་ནས་མཉམ་དུ་བསྒྲུབ་པའི་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཆེད་ཁེའི་ཆ་འཕྲིན་གནད་འཁེལ་གྱིས་སྐྱེལ་བ་དང་གྲུབ་འབྲས་ཚུལ་སྒྱུར་སྦྲེལ་མཐུད་སོགས་ཁྱད་ལྡན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད། ཚན་རིག་དང་མཐུན་པའི་རྒྱུགས་བཤེར་དཔྱད་འཇོག་མ་ལག་འཐུས་ཚང་དུ་བཙུགས་ནས། དྲ་ཚིགས་ཞབས་ཞུ་མི་སྣའི་ཆེད་ལས་གསབ་སྦྱོང་ལ་ཤུགས་སྣོན་པ་དང་། ཤེས་བྱའི་རྒྱུ་ནོར་བདག་དབང་གི་སྤྱི་བའི་ཞབས་ཞུ་དང་གསར་གཏོད་ཕྲེང་སྦྲེལ། ཐོན་ལས་ཕྲེང་སྦྲེལ་བཅས་གཏིང་ཟབ་ངང་མཉམ་འདྲེས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།