
ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི2025ལོའི“སྒྱུ་རྩལ་འཁྲབ་སྦྱོང་ལ་བརྟེན་ནས་གྲོང་གསེབ་འོད་དུ་བསྒྲོན”ཞེས་པའི་རིག་གནས་དང་བླངས་པས་གྲོང་གསེབ་དར་སྤེལ་ཡོང་བར་རོགས་རམ་བྱེད་པའི་ལས་སྒོ་དངོས་སུ་སྤེལ། ཐེངས་འདིའི་བྱེད་སྒོ་སྤེལ་སྐབསཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཐའོ་པེ་གྲོང་ཚོ་དང་། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཞིན་ཧྲིན་གྲོང་ཚོ། ཧུའུ་ཀྲུའུ་རྫོང་ཧོར་རིགས་མཛེས་ལྗོངས་ཁུལ་བཅས་སུ་རིག་གནས་མཚན་མོའི་སློབ་གྲྭ་བཙུགས་པར་མ་ཟད། བསྟུད་མར་སློབ་ཁྲིད་བྱེད་འགོ་བརྩམས་ཡོད།
ད་ཐེངས་བཙུགས་པའི་རིག་གནས་མཚན་མོའི་སློབ་གྲྭ་ནི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཐའོ་པེ་གྲོང་ཚོ་དང་སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཞིན་ཧྲིན་གྲོང་ཚོ། དེ་བཞིན་ཧུའུ་ཀྲུའུ་རྫོང་ཧོར་རིགས་མཛེས་ལྗོངས་ཁུལ་བཅས་སློབ་ཁུལ་ཆེན་པོ་བཞི་རུ་གནས་ཡོད། ཞབས་བྲོ་དང་རྒྱ་འཆམ། གཞས་མ་གཏམ། འབུད་དཀྲོལ་རོལ་ཆ། ཁ་ལྕེ་སྦྱོང་བརྡར་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་ལྔ་གནད་ལ་འཁེལ་བའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཁྱོན་བསྡོམས་སྡེ་མི200ལྷག་གིས་མིང་ཐོ་བཀོད་ཡོད།
གཞན་ཡང་སྡེ་མིས་ཞིང་ལས་གཉེར་བའི་དུས་ཚོད་ཀྱི་ཧེ་བག་ལ་བསམ་བློ་བཏང་ནས། སློབ་ཁུལ་ཆེན་པོ4ཡིས“སློབ་ཐུན་གཅིག་ལ་དུས་ཚོད་གཉིས་བཀོལ་བའི”རྣམ་པ་སྤྱད་དེ། ཉིན་མོ་དང་དགོང་མོའི་སློབ་ཚན་དུས་མཉམ་གཅིག་ཏུ་སྤེལ་བཞིན་ཡོད། དུས་མཚུངས་སུ། རིག་གནས་དང་བླངས་ཚོགས་པས་ལོ་ཚོད་མི་འདྲ་བ་དང་རྨང་གཞི་མི་འདྲ་བའི་སློབ་མར་དམིགས་ཏེ། རིགས་དགར་བའི་སློབ་ཁྲིད་ཇུས་གཞི་བཟོས་ནས། མི་ཚང་མས་གོ་ཐུབ་པ་དང་སློབ་སྦྱོང་བྱེད་ཐུབ་པར་འགན་ལེན་གང་ལེགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།