
ཟླ10པའི་ཚེས17ཉིན་བར་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས2025ལོའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་དངུལ་སྟེར་བའི་བྱ་བ་ཕྱོགས་ཡོངས་ལེགས་འགྲུབ་བྱས་ཤིང་། དེས་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི་བཞི་སྟོང་དགུ་དང་ཉིས་བརྒྱ་ལ་ཕན་པ་བསྐྲུན་པ་དང་། དོན་དངོས་ཐོག་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་བཞི་འབུམ་དགུ་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་བྱིན།
ད་ལོར། མཚོ་བྱང་ཁུལ་གྱིས་སྐོར་ཐེངས་གསུམ་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབས་གཏིང་ཟབ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་དོན་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་དོན་ཁག་སོ་སོར་སྐུལ་འདེད་ཏན་ཏིག་བཏང་ལ། དེའི་ཁྲོད་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་དོན་དངོས་ཐོག་སྒོར་བྱེ་བ་གཉིས་ས་ཡ་དྲུག་འབུམ་བཞི་ཁྲི་བདུན་དང་སྟོང་བདུན་དྲུག་བརྒྱ་བྱིན། མདོ་ལ་རྫོང་གིས་དོན་དངོས་ཐོག་སྒོར་བྱེ་བ་དགུ་ས་ཡ་གཉིས་འབུམ་བརྒྱད་ཁྲི་བརྒྱད་དང་སྟོང་གསུམ་བྱིན། རྐང་ཚ་རྫོང་གིས་དོན་དངོས་ཐོག་སྒོར་བྱེ་བ་གསུམ་ས་ཡ་དྲུག་འབུམ་ལྔ་དང་སྟོང་གསུམ་སུམ་བརྒྱ་བྱིན། མདའ་བཞི་རྫོང་གིས་དོན་དངོས་ཐོག་སྒོར་བྱེ་བ་བརྒྱད་ས་ཡ་ལྔ་ཁྲི་བདུན་དང་སྟོང་གཉིས་དྲུག་བརྒྱ་བྱིན། ནོར་སྲིད་ཐད་མ་དངུལ་སྒོར་འབུམ་བཞི་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་སྤྲད། མ་དངུལ་དེ་སྐོར་ཁག་གཉིས་སུ་བགོས་ནས་གཅིག་གྱུར་དངུལ་བྱང་གི་མ་ལག་སྤྱད་པ་བརྒྱུད་ཐད་ཀར་རོང་འབྲོག་པའི་དངུལ་བྱང་ཐོག་འབྱོར་བར་བྱས་ཤིང་། སྟེར་དགོས་པའི་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་མངོན་འགྱུར་བྱས།
ད་ལོ་ནི་སྐོར་ཐེངས་གསུམ་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་མཇུག་མཐའི་ལོ་ཡིན་པས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་དོན་འདིར་བརྩི་མཐོང་ཆེན་པོ་བྱས་ཏེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འབྲོག་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། སྐྱེ་ཁམས་དང་དམངས་ཚིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་བྱེད་ཐབས་སུ་བརྩིས་ཡོད། ལས་དོན་སྐུལ་སྤེལ་གྱི་ཁྲོད་དུ། སྲིད་ཇུས་ཀྱི་བླང་བྱ་ལྟར། རྩྭ་ས་འགན་ལེན་བདག་གཉེར་གྱི་ཁེ་དབང་འགན་སྲུང་གི་གྲུབ་འབྲས་ལ་གཞི་བཅོལ་ཞིང་། མ་དངུལ་གཏོང་སྤྲོད་ཀྱི་གསལ་ཁྲ་ཞིབ་ཚགས་སུ་བསྒྱུར་བ། འབྲོག་པའི་ཁྱིམ་ཐོ་རེ་ཞུ་དང་སྡེ་བ་རིམ་པའི་ཐོག་མའི་ཞིབ་བཤེར། གྲོང་རྡལ་རིམ་པའི་བསྐྱར་བཤེར། རྫོང་རིམ་པའི་མཇུག་མཐའི་ཞིབ་བཤེར། སྤྱི་ཡོངས་ཁྱབ་བསྒྲགས་བཅས་ཀྱི་ཞིབ་བཤེར་གྱི་རིམ་པ་ལྔ་བརྒྱུད་དེ། མ་དངུལ་གཏོང་སྤྲོད་ཀྱི་གནད་འཁེལ་རང་བཞིན་དང་ཁ་གསལ་རང་བཞིན་ལ་ཁག་ཐེག་བྱས། དུས་མཉམ་དུ། ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་འབྲོག་ཁུལ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། འབྲོག་པ་མང་ཚོགས་ཕྱུགས་སྐྱུར་རྩྭ་འགོག་དང་རྩྭ་ཕྱུགས་དོ་དམ་ཁྲོད་རང་འགུལ་ངང་ཞུགས་པར་སྣེ་ཁྲིད་དེ་རྩྭ་སའི་སྐྱེ་ཁམས་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།