རང་ཞིང་གིས་རང་བྱུང་སློབ་གསོའི་རྟེན་གཞི45ཡི་ཕྱོགས་བསྡུས་དཔྱད་འཇོག་བྱ་བ་ཡོངས་འགྲུབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ10པའི་ཚེས22ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི2022ལོ་ནས2023ལོར་སྒོ་བྱང་བཀལ་བའི་རང་བྱུང་སློབ་གསོའི་རྟེན་གཞི45ཡི་ཕྱོགས་བསྡུས་དཔྱད་འཇོག་བྱ་བ་ཉེ་ལམ་ཡོངས་འགྲུབ་བྱས་པ་དང་། རང་བྱུང་སློབ་གསོའི་རྟེན་གཞིའི་འཁོར་སྐྱོད་ཀྱི་ད་ཡོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཡོད་པ་མ་ཟད། རིམ་པ་དང་རིགས་བགར་ནས་དཔྱད་འཇོག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བས། མཚོ་སྔོན་གྱི་རང་བྱུང་སློབ་གསོའི་བྱས་འབྲས་དཔྱད་འཇོག་གི་སྟོང་ཆ་བསྐང་།

ཟླ7པ་ནས་ཟླ9པའི་བར། ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དཔྱད་འཇོག་ལྟེ་གནས་ཀྱིས་འབྲེལ་ཡོད་མངའ་ཁོངས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས། རིམ་པ་བགར་ཏེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིགས་དང་། ཚོགས་རའི་རིགས། སློབ་གསོའི་ཚན་རིག་ཞིབ་འཇུག་གི་རིགས་བཅས་ཀྱི་རང་བྱུང་སློབ་གསོའི་རྟེན་གཞི45ལ་ཕྱོགས་བསྡུས་གདེང་འཇོག་བྱ་བ་སྤེལ་བ་མ་ཟད། ཉེ་ལམ་ཆེད་མཁས་པས་ཞིབ་བཤེར་གཏན་འཁེལ་གྱི་ཆོག་མཆན་ཐོབ། ཕྱོགས་བསྡུས་གདེང་འཇོག་ཁུལ་ཁོངས་ཅན་གྱི་རང་བྱུང་སློབ་གསོའི་སློབ་ཚན་ཇུས་འགོད་དང་མཐུན་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྟེན་གཞིའི་ཁྱད་ཆོས། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་མཉམ་འདྲེས་འཕེལ་རྒྱས་བྱེད་པའི་རང་བྱུང་སློབ་གསོའི་གསར་གཏོད་མ་ལག་འཛུགས་པ་དང་། ཚན་རིག་རང་བཞིན་དང་ཕྱོགས་ཡོངས་རང་བཞིན། དངོས་ཡོད་རང་བཞིན། ཕྱོགས་སྟོན་རང་བཞིན། འགུལ་རྣམ་རང་བཞིན་བཅས་ཀྱི་རྩ་དོན་གཟབ་ནན་སྒོས་ལག་བསྟར་བྱས་ཏེ།  རྒྱུ་ཆ་ཞིབ་བཤེར་གཏན་འབེབས་དང་ཡུལ་དངོས་རྟོག་ཞིབ།    ཕྱོགས་བསྡུས་ཞིབ་དཔྱད་བཅས་ཀྱི་ཟུང་འབྲེལ་བྱེད་ཐབས་བརྒྱུད་དེ། གཙོ་བོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་ཚན་གྱི་བྱ་འགུལ། མི་སྣ་བཀོད་སྒྲིག བདེ་འཇགས་འགན་སྲུང་སོགས་འཁོར་སྐྱོད་གནས་ཚུལ་གྱི་ཕྱོགས་བསྡུས་དཔྱད་འཇོག་སྤེལ། ཕྱོགས་བསྡུས་གདེང་འཇོག་བྱས་པ་བརྒྱུད། རང་བྱུང་སློབ་གསོའི་རྟེན་གཞི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་བླང་བྱ་རེ་བ་དང་མཐུན་པ་ཁས་ལེན་བྱས་པ་དང་། དེའི་ནང་ཕུལ་བྱུང་རྟེན་གཞི་བཅུ་བཞི་དང་།  ཅུང་ལེགས་པོའི་རྟེན་གཞི་ཉེར་གཉིས། ཚད་ལྡན་རྟེན་གཞི་བདུན། དཔྱད་བསྡུར་ནང་ཞུགས་མེད་པའི་རྟེན་གཞི་གཉིས་བཅས་ཡོད།

རང་བྱུང་སློབ་གསོ་དེ་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་བྱ་བའི་འགན་ཁུར་གཙོ་བོ་ཞིག་ཡིན་པ་དང་། སྤྱི་ཚོགས་ཚོགས་པ་དང་ཚན་རིག་ཞིབ་འཇུག་ཁང་། སློབ་གསོའི་ལས་ཁུངས་སོགས་ཀྱི་མཉམ་འབྲེལ་དང་འཚོལ་ཞིབ། ལག་ལེན་བཅས་བྱས་པ་བརྒྱུད། སྐྱེ་ཁམས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་ས་ཁོངས་ཀྱི་ཁེབས་ཚད་ཅུང་རྒྱ་ཆེ་བའི་རྨང་གཞིའི་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མ་ཆགས་ཡོད། 2020ལོར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་བྱ་བར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་འཆར》ཐོག་མར་བཏོན་པ་དང་།   2022ལོར། རང་ཞིང་གིས་སྐོར་དང་པོའི་རང་བྱུང་སློབ་གསོའི་རྟེན་གཞི31ངོས་འཛིན་བྱས་པ་དང་།    2023ལོར་སྐོར་གཉིས་པའི་རང་བྱུང་སློབ་གསོའི་རྟེན་གཞི14ངོས་འཛིན་བྱས།     རང་བྱུང་སློབ་གསོའི་རྟེན་གཞི45ལེགས་འགྲུབ་སྒོས་ངོས་འཛིན་བྱས་པ་དེས་རང་བྱུང་སློབ་གསོ་མ་ལག་ཅན་དུ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། སྤྱི་དམངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཤ་བོ་རིན་མཚོས་བསྒྱུར།