མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་ཟླ་དགུའི་རིང་བསྟུད་མུར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ10པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི2025ལོའི་ཟླ་དང་པོ་ནས་ཟླ9པའི་བར་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཞབས་ཞུའི་བྱེད་ཐབས་སྐོར་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོ་ནས་ཟླ9པའི་བར་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས45.2%འཕར་ཡོད་ལ། ཕྱིར་གཏོང་བསྡོམས་འབོར་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བྱེ་བ་བཞི་ལ་སླེབས་ཡོད་པ་དང་། འཕར་ཚད80.9%འཕར་ཡོད་པའི་དབང་གིས། འཕར་ཚད་ཀྱིས་ཟླ་བ་དགུའི་རིང་ལ་བསྟུད་མུར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པའི་གྲུབ་འབྲས་གཟེངས་ཐོན་བླངས།

འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕར་སྣོན་གནས་སྟངས་ལེགས་པོ་མེད་པའི་རྒྱབ་ལྗོངས་འོག་ཏུ། མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་ལ་འཕེལ་རྒྱས་ཀྱི་བར་སྟོང་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ཟླ་དང་པོ་ནས་ཟླ9པའི་བར། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་དང་ཕྱིར་གཏོང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སོ་སོར་བརྒྱ་ཆའི་གྲངས41.2དང་བརྒྱ་ཆའི་གྲངས73.8ཡིས་མཐོ་བ་དང་། ལོ་ཧྲིལ་པོའི་དམིགས་འབེན་གྱི82.6%ཡོངས་འགྲུབ་བྱས་ཏེ། དུས་རིམ་རང་བཞིན་གྱི་ལས་འགན་ཐོད་བརྒལ་ཆེན་པོའི་སྒོ་ནས་ཡོངས་འགྲུབ་བྱས་ཡོད། ཆེས་གླེང་རིན་ཡོད་པ་ཞིག་ནི། ཕྱིར་གཏོང་གིས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད127.2%ཟིན་ནས། ཕྱི་ཕྱོགས་ཚོང་དོན་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲུབ་འབྲས་དེའི་སྟེང་ནས་རང་རེའི་ཞིང་ཆེན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་གྱི་ཕན་འབྲས་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་གང་ལེགས་སྒོས་མཚོན་ཐུབ།

རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི“གསར་པ་དང་ཁྱད་སྟོབས་ལ་ཁ་ཕྱོགས་པའི”འཕེལ་ཕྱོགས་འོག་ཏུ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་གཙོ་གནད་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མཉམ་འབྲེལ་རོགས་སྐྱོར་ལམ་སྲོལ་བཙུགས་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ཏེ་ཐོན་ལས་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པར་སྐུལ་འདེད་གང་ལེགས་བཏང་ཡོད། ལིས་གྱེས་རྡུལ་གློག་གསོག་གློག་རྫས་ཕྱིར་གཏོང་གློ་བུར་དུ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱིར་གཏོང་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཡིན་པ་དེ་དུས་མཉམ་ལས་ལྡབ9.1འཕར་ནས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།