ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེན་ཁའི་རྫས་འགྱུར་དངོས་རྫས་ལ་བརྟེན་ནས་དོན་རྐྱེན་བྱུང་བའི་འཕྲལ་བསྟུན་སྦྱོང་བརྡར་རྩ་འཛུགས་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ10པའི་ཚེས21ཉིན། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་མཚོ་སྔོན་ཞིང་ཆེན་གྱི་ཉེན་ཁའི་རྫས་འགྱུར་དངོས་རྫས་ལ་བརྟེན་ནས་དོན་རྐྱེན་བྱུང་བའི་འཕྲལ་བསྟུན་སྦྱོང་བརྡར་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། རྟ་ཐང་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག ཁེ་ལས་བཅས་ཀྱི་མི་བདུན་ཅུ་ལྷག་སྦྱོང་བརྡར་ཁྲོད་ཟབ་ཞུགས་བྱས།

ཐེངས་འདིའི་སྦྱོང་བརྡར་ལས་མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟིའི་རིམ་པ་དང་པོའི་ཉེན་ཁའི་འབྱུང་ཁུངས་ཚབས་ཆེན་ཁིལ་སིན་ཁ་བ་འཇུག་སྣོད་ལ་ཕྱིར་ཤོར་བའི་དོན་རྐྱེན་ལ་ལད་མོ་བྱས་ཏེ། ཡུལ་དངོས་བཀོད་འདོམས་པུའུ་འཛུགས་པ་སྦྱོང་བརྡར་བྱས་ཤིང་། ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་དང་ལག་རྩལ་ཐག་གཅོད་ཚན་ཆུང་། མྱུར་སྐྱོབ་རོགས་སྐྱོབ་ཚན་ཆུང་། སྨན་བཅོས་སྐྱོབ་བཅོས་ཚན་ཆུང་། ཉེན་གཏོང་ཁ་འགྲེམ་ཚན་ཆུང་། ཁོར་ཡུག་ཚད་ལེན་ཚན་ཆུང་། རྒྱབ་ཕྱོགས་འགན་སྲུང་ཚན་ཆུང་། སྦྱོང་བརྡར་དཔྱད་འཇོག་ཚན་ཆུང་བཅས་སྦྱོང་བརྡར་ཚན་ཆུང་བརྒྱད་བཀོད་སྒྲིག་བྱས་ནས། ཆ་འཕྲིན་སྙན་ཞུ་དང་གྲོས་མོལ་ཇུས་འདོན། དཔུང་སྡེ་བཀོད་གཏོང་དང་ཡུལ་དངོས་ཐག་གཅོད་སོགས་འཕྲལ་བསྟུན་བྱ་བ་སྒྲུབ། སྦྱོང་བརྡར་བརྒྱུད་རིམ་ཁྲོད། རྫས་འགྱུར་བཟོ་ལས་ཀྱི་སྐོར་ཞིབ་འཕྲུལ་མིར་འགས་གཏོར་བྱུང་བ་དང་མེ་འགོག་མེ་གསོད་མྱུར་ཞིབ་འཕྲུལ་མིར་འགས་གཏོར་བྱུང་ནས་ཁིལ་ཁ་སིན་ཕྱིར་ཤོར་བའི་གཙོ་གནད་ཁུལ་དུ་ཁྱེར་བར་སྔོན་འགོག་བྱས་ཤིང་། ཡུལ་དངོས་སུ་ཕྱིར་ཤོར་བའི་དངོས་རྫས་ལ་མྱུར་ཞིབ་དང་མེ་གསོད་བྱས་ལ། དེ་དང་མཉམ་དུ། གཞི་གྲངས་ཕྱིར་སྤྲོད་ལ་བརྟེན་ནས་གནད་འཁེལ་ཇུས་འདོན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། འཕྲལ་བསྟུན་དང་ལེན་གྱི་བདེ་འཇགས་རང་བཞིན་དང་ཚན་རིག་རང་བཞིན་ཇེ་དྲག་ཏུ་བཏང་།

འབྲེལ་ཡོད་ཆེད་མཁས་པས་ཆེད་ལས་ཀྱི་མཐོང་སྣེ་ནས་སྦྱོང་བརྡར་བྱ་འགུལ་ལ་དཔྱད་འཇོག་བྱས་པ་དང་། སྦྱོང་བརྡར་ལ་ཞུགས་མཁན་དག་གིས་ནུས་མཐོའི་འབྲེལ་གཏུག་་དང་འཕྲལ་བསྟུན་མཉམ་འགུལ་རྐྱེན་སྲོལ་ལ་བརྟེན་ནས། མགྱོགས་མྱུར་དང་ལེན་དང་ཚད་ལྡན་རིམ་ལྡན། ཕན་ཚུན་གཞོགས་འདེགས་བཅས་བྱས་པས། ཉེན་ཁའི་རྫས་འགྱུར་དངོས་རྫས་ལ་བརྟེན་ནས་བྱུང་བའི་དོན་རྐྱེན་དག་གི་འཕྲལ་བསྟུན་ཐག་གཅོད་ནུས་པ་དང་བཀོད་འདོམས་ཆུ་ཚད་ཅུང་མཐོ་ཤོས་མངོན་ཡོད། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འཕྲལ་བསྟུན་དོ་དམ་དེ་མིས་སྔོན་འགོག་བྱེད་པ་ནས་ལག་རྩལ་གྱིས་སྔོན་འགོག་བྱེད་པར་འགྱུར་བར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་ནས། ཁེ་ལས་ཀྱིས་རིག་ནུས་སྒྲིག་ཆས་བཀོད་སྒྲིག་བྱེད་པར་ཤུགས་སྣོན་པར་ཁྲིད་སྟོན་དང་། གཞི་གྲངས་ཅན་གྱི་འཕྲལ་བསྟུན་མ་ལག་འཐུས་ཚང་། འཕྲལ་བསྟུན་ནུས་པ་འཛུགས་སྐྲུན་དེ་ཚན་རིག་ཅན་དང་ཞིབ་ཕྲ་ཅན། ཚད་ལྡན་ཅན། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རང་ཞིང་གི་ཉེན་ཁའི་རྫས་འགྱུར་དངོས་རྫས་ལ་བརྟེན་ནས་བྱུང་བའི་དོན་རྐྱེན་དག་གི་འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།