
གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ལས་ཤི་རྨས་འབྱུང་བ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད། ཟླ10པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སྤྱི་བདེ་ཅུའུ་ཡིས་ཉིན་བརྒྱའི་འགག་སྒྲོལ་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ནས། ཁོངས་གཏོགས་ས་ཁུལ་དུ་རྨོག་ཞྭ་གཅིག་དང་སྐྱོབ་ཐག་གཅིག་གི་འགྲིམ་འགྲུལ་ནག་ཉེས་བྱ་སྤྱོད་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་སྤེལ།
འགུལ་སྐྱོད་ཁྲོད། མདོ་ལ་རྫོང་སྤྱི་བདེ་ཅུའུ་ཡིས་གཞུང་ལམ་གཙོར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འགྲིམ་འགྲུལ་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་བྱས་པ་དང་། ཞོགས་པ་དང་ཉིན་གུང་། དགོང་མོ་བཅས་ཀྱི་མི་སྣའི་འཁོར་སྐྱོད་མང་བའི་དུས་དང་ཁུལ་ཁོངས་གཙོ་བོ་རུ་ཞིབ་བཤེར་ས་ཚིགས་བཙུགས་ནས་འཕྲུལ་རྟ་སྐོར་བའི་མི་སྣས་བདེ་འཇགས་རྨོག་ཞྭ་གྱོན་མེད་པ་དང་རླངས་འཁོར་སྐོར་མཁན་གྱིས་ཚད་ལྡན་སྒོས་སྐྱོབ་ཐག་རྒྱབ་མེད་པའི་འགྲིམ་འགྲུལ་ནག་ཉེས་ལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། རྨོག་ཞྭ་གྱོན་མེད་པ་དང་སྐྱོབ་ཐག་རྒྱབ་མེད་པའི་མི་སྣར་སློབ་གསོ་བཏང་བ་དང་། དཔེ་མཚོན་གྱི་འགྲིམ་འགྲུལ་དོན་རྐྱེན་གྱོད་དོན་འགྲེལ་བཤད་དང་འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་ཁྱབ་གདལ་གཏོང་བ་བརྒྱུད་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྨོག་ཞྭ་མ་གྱོན་པ་དང་སྐྱོབ་ཐག་མ་རྒྱབ་པའི་གནོད་འཚེ་རང་བཞིན་འགྲེལ་བཤད་ཟབ་མོ་བྱས་ནས། བསམ་བློའི་སྟེང་མང་ཚོགས་ཀྱི་སྟེས་དབང་གི་སེམས་ཁམས་སེལ་བར་བྱས།
དེ་དང་མཉམ་དུ། ཡུལ་དངོས་ནས་བདེ་འཇགས་རྨོག་ཞྭའི་ཡང་དག་པའི་གྱོན་སྟངས་དང་བདེ་འཇགས་སྐྱོབ་ཐག་གི་ཚད་ལྡན་བེད་སྤྱོད་བྱེད་ཐབས་དཔེ་སྟོན་བྱས་པ་དང་། མང་ཚོགས་ཀྱིས་ཚད་ལྡན་གྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་ཉོ་བར་དྲན་སྐུལ་བྱས་ཏེ་འགོག་སྲུང་བྱེད་ཐབས་ཀྱིས་བྱེད་ནུས་གལ་ཆེན་འདོན་པར་འགན་སྲུང་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།