
ཟླ10པའི་ཚེས21ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱ་བོད་སྐད་གཉིས་ལ་བྱང་བའི་ནད་གཡོག་པའི་ངལ་ལས་ཚོང་རྟགས་བསྐྲུན་པའི་འགོ་རྩོམ་མཛད་སྒོ་དེ་ཁུལ་ལས་གཏོད་གསར་སྤེལ་དངོས་སྦྱོང་གླིང་དུ་བསྡུས། མཛད་སྒོའི་སྟེང་། མཚོ་ལྷོ་ཁུལ་གྱི་རྒྱ་བོད་སྐད་གཉིས་ལ་བྱང་བའི་ནད་གཡོག་པའི་ངལ་ལས་ཚོང་རྟགས་ཀྱི་མཚོན་རྟགས་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱ་བོད་སྐད་གཉིས་ལ་བྱང་བའི་ནད་གཡོག་པའི་དངོས་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ།
ཐེངས་འདིར་ཚོང་རྟགས་བསྐྲུན་པ་དེས་མཚོ་ལྷོ་ཁུལ་གྱི་མི་རིགས་རིག་གནས་ཀྱི་ནང་སྙིང་དང་འཇོན་མིའི་དགེ་མཚན་ལ་རྐང་བཙུགས་ཤིང་། ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་དམ་པོར་དམིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་ལས་ཞུགས་གཏན་འཇགས་དང་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དམིགས་འབེན་གཙོ་བོར་བྱས། རྟོག་ཞིབ་རིགས་སྒྲུབ་བྱས་པ་བརྒྱུད་དེ། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་མཐུན་སྦྱོར། ཁྲོམ་རའི་འཁོར་རྒྱུག་བཅས་ཀྱི་སྤྱིའི་སྒྲོམ་གཞི་བཙུགས་པ་དང་། ཚོང་རྟགས་ཀྱི་ཚད་ལྡན་ཅན་གྱི་དར་སྤེལ་དང་རྩལ་ནུས་ཅན་གྱི་གསར་འབྱེད། གཞི་ཁྱོན་ཅན་གྱི་ཕྱིར་གཏོང་། ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ལ་རྨང་གཞི་བརྟན་པོ་བཏིངས།
ཚོང་རྟགས་དངོས་འབེབས་བྱས་ནས་ཕན་ནུས་ཐོན་པར་ཁག་ཐེག་བྱ་ཆེད། མཚོ་ལྷོ་ཁུལ་གྱིས་དུས་རིམ་སྔོན་མའི་རྟོག་ཞིབ་སྦྲེལ་མཐུད་ཀྱི་རྨང་གཞིའི་སྟེང་། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཐབས་ལམ་གསར་གཏོད་བྱས། ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་ཐོ་འགོད་མ་རྩ་ས་ཡ་གཉིས་ཅན་གྱི་ཚོང་གཉེར་དོ་དམ་ཀུང་ཟི་བཙུགས་པ་དང་། ཆེད་མཁས་པ་ཚོགས་པ་ལྔ་བཅུ་ལྷག་ནང་འགུག་བྱས། ཁུལ་གྱི་སྤྱི་བའི་རྩལ་ནུས་དངོས་སྦྱོང་རྟེན་གཞིར་བརྟེན་ནས། སྨི་གྲུ་བཞི་མ་བརྒྱད་བརྒྱ་བརྒྱད་ཅུ་ཅན་གྱི་དངོས་སྦྱོང་རྟེན་གཞི་བཙུགས་ལ། རྒན་པ་དང་ནད་པར་བདག་སྐྱོང་བྱེད་པ། སྦྲུམ་མ་དང་གསར་སྐྱེས་བྱིས་པར་གཉོར་སྐྱོང་བྱེད་པ་སོགས་གཞུང་ལུགས་དང་དངོས་སྦྱོང་མཉམ་འབྲེལ་གྱི་གནས་ཡུལ་ལྔ་བཀོད་སྒྲིག་བྱས་ཤིང་། དེ་དང་མཉམ་དུ་མི་བརྒྱའི་ཆེད་དོན་གསབ་སྦྱོང་སྤེལ་ཏེ། འཇོན་མི་གསོ་སྐྱོང་ཐད་སྤུས་ལེགས་ཁོར་ཡུག་འདོན་སྤྲོད་བྱས།
ཚོང་རྟགས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། མཚོ་ལྷོ་ཁུལ་གྱིས་མཐུན་སྦྱོར་སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་པ་དང་། མི་དོན་དང་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་མང་པོ་གཞོགས་འདེགས་དམ་ཟབ་བྱས་ཏེ། གསབ་སྦྱོང་རྩ་འཛུགས་དང་ཞབས་ཞུ་གཞི་རིམ་དུ་ཕྱོགས་པ། ཁེ་དབང་འགན་སྲུང་སོགས་ཀྱི་ཐད་ནས་མཉམ་ཤུགས་གྲུབ། དེ་དང་མཉམ་དུ། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ཟབ་སྤེལ་བྱས་པ་དང་། ལས་རིགས་ལག་རྩལ་སློབ་གྲྭ་དང་ཚོང་གཉེར་ཀུང་ཟིས་འཇོན་མི་མཉམ་དུ་གསོ་སྐྱོང་བྱེད་པའི་རྣམ་པ་བཙུགས་ནས། རྩལ་ནུས་འཇོན་མིའི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་། འགོ་རྩོམ་མཛད་སྒོའི་སྟེང་། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་མཉམ་དུ་འཇོན་མི་ནང་འདྲེན་དང་འཐབ་ཇུས་མཉམ་ལས་སོགས་ཀྱི་གྲོས་ཆོད་བདུན་ལ་མིང་རྟགས་བཀོད་དེ། ཚོང་རྟགས་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་རྐྱེན་སྲོལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
ལྷ་མོ་འཚོས་བསྒྱུར།