མཚོ་སྔོན་གྱི་སྡེ་ཁག་མང་པོ་མཉམ་འབྲེལ་སྒོས་ལོ་འཁོར་གྱི་སྙན་ཞུའི་ཡོངས་བསྒྲགས་ཆ་འཕྲིན་སྐབས་བསྟུན་ཟུང་གི་ཞིབ་བཤེར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ10པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པ་དང་། ལས་དོན་སྔ་རྗེས་ཀྱི་དོ་དམ་ལ་ཤུགས་སྣོན་ཆེད། ཉེ་ལམ། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོང་དོན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ2024ལོའི་ཁེ་ལས་ཀྱི་ཐོ་འགོད་ཞུ་ཚགས་བྱ་སྤྱོད་དང་ལོ་འཁོར་སྙན་ཞུའི་ཡོངས་བསྒྲགས་ཆ་འཕྲིན་གྱི་སྐབས་བསྟུན་ཟུང་དང་ཡོངས་བསྒྲགས་གཅིག་གི་ཞིབ་བཤེར་བྱ་བ་སྤེལ་ནས། ཡིད་རྟོན་རྨང་གཞིར་བྱས་པའི་གསར་དར་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས།

ཐེངས་འདིའི་འདེམས་བཤེར་གྱིས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་སྡེ་ཁག་མཉམ་འབྲེལ་གྱི་སྐབས་བསྟུན་ཟུང་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱ་བའི་ལག་བསྟར་ཞིབ་སྲོལ་དང་ཡིད་རྟོན་ཉེན་ཁའི་རིམ་དབྱེ་རིགས་དབྱེའི་དོ་དམ་བླང་བྱར་གཞིགས་ནས། 2024ལོའི་ལོ་འཁོར་སྙན་ཞུའི་ཁེ་ལས་ཀྱི་མིང་ཐོའི་མཛོད་ཀྱི་ཁྲོད། ཡིད་རྟོན་རིམ་པ་ཇི་ལྟར་མཐོ་ན། འདེམས་བཤེར་བསྡུར་ཚད་དེ་བས་དམའ་བ་དང་། ཡིད་རྟོན་རིམ་པ་ཇི་ལྟར་དམའ་ན། འདེམས་བཤེར་བསྡུར་ཚད་དེ་བས་མཐོ་བའི་རྩ་དོན་ལ་བརྟེན་ནས་འདེམས་བཤེར་བསྡུར་ཚད་མི་འདྲ་བ་བཀོད་སྒྲིག་བྱས་ཤིང་། སྐབས་བསྟུན་ཟུང་གི་ལྟ་སྐུལ་དོ་དམ་སྟེགས་བུར་བརྟེན་ནས་ཞིབ་བཤེར་བྱ་ཡུལ་ཁྱིམ་ཚང་དོན་དྲུག་འདེམས་པ་དང་། དེར་ས་ཁང་བདག་ཁོངས་ཐོན་ལས་དང་བཟོ་སྐྲུན་ལས་རིགས། ཚོང་ལས་ཉོ་ཚོང་ཞབས་ཞུ་སོགས་ལས་རིགས་མང་པོའི་ཁྱབ་ཁོངས་ལ་ཁེབས་ཡོད། དུད་ཁྱིམ་ལ་བཅར་འདྲི་བྱས་ནས་དོན་དག་མང་པོར་ཞིབ་བཤེར་བྱེད་པ་དང་མཉམ་དུ། ལྟ་སྐུལ་དོ་དམ་ཐོན་ཁུངས་ཀྱི་ལུགས་མཐུན་བཀོད་སྒྲིག་དང་ནུས་མཐོའི་བེད་སྤྱོད་མངོན་འགྱུར་བྱས་ཏེ། ལྟ་སྐུལ་དོ་དམ་དེ་ཧེ་བག་ཅན་དང་གནད་འཁེལ་ཅན་གྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་།

མིག་སྔའི་བར། ཐེངས་འདིའི་ཞིབ་བཤེར་གྱིས་ཕྱོགས་ཡོངས་ནས་ཡུལ་དངོས་ཞིབ་བཤེར་དང་འདེམས་བཤེར་གྱི་གྲུབ་འབྲས་དེ་ཡོངས་བསྒྲགས་བྱ་བའི་ཁྲོད་ཟིན་ཐོར་བཀོད་ཚར་ཡོད། ཐོག་མའི་མཇུག་འབྲས་ལས་བལྟས་ན། འདེམས་བཤེར་བྱས་པའི་ཁེ་ལས་མང་ཆེ་བས་རང་རྟོགས་སྒོས་ཆ་འཕྲིན་ཡོངས་བསྒྲགས་འོས་འགན་ལག་བསྟར་བྱས་པ་དང་། ཆ་འཕྲིན་བརྒྱུད་བསྐུར་བྱས་པར་མ་ཟད་དུས་ཐོག་ཏུ་དོན་དངོས་དང་ཡང་དག་གི་ཆ་འཕྲིན་ཡོངས་བསྒྲགས་བྱས་པས། སྤྱིའི་གནས་ཚུལ་ལེགས་པོ་རེད། ཡིན་ཡང་། ཞིབ་བཤེར་བརྒྱུད་རིམ་ཁྲོད་ཁེ་ལས་ཁ་ཤས་ཀྱི་འབྲེལ་གཏུག་ཨང་གྲངས་ལ་འབྲེལ་བ་བྱེད་མི་ཐུབ་པ་དང་འབྲེལ་གཏུག་བྱེད་ས་མེད་པ། ཚོང་གཉེར་ས་གནས་དང་ཐོ་འགོད་སྡོད་གནས་གཉིས་གཅིག་གྱུར་མིན་རུང་དུས་ལྟར་བསྒྱུར་བཅོས་བྱས་མེད་པ། ནོར་དོན་གཞི་གྲངས་ཁ་བསྐངས་པར་ནོར་འཆུག་ཡོད་པ་སོགས་ཀྱི་གནད་དོན་ཡང་མཐོང་རྒྱུ་ཡོད་པས། གོང་གི་གནད་དོན་ལ་དམིགས་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་མི་སྣས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་རིགས་དབྱེ་ཐག་གཅོད་བྱས་པ་དང་། ཐོ་འགོད་སྡོད་གནས་ལ་བརྟེན་ནས་འབྲེལ་གཏུག་བྱེད་མི་ཐུབ་པའི་ཁེ་ལས་དེ་ཚོང་གཉེར་རྒྱུན་ལྡན་མིན་པའི་མིང་ཐོའི་ཁྲོད་བཞག གཞན་པའི་གནས་ཚུལ་ཚབས་ཆེན་མིན་པའི་གནད་དོན་ལ་དམིགས་ནས་སྲིད་འཛིན་མཛུབ་སྟོན་དང་། དུས་བཅད་ལྟར་ལེགས་བཅོས་བྱེད་པའི་རེ་བ་འདོན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱིས་ནོར་འཁྲུལ་ཡོ་བསྲང་བྱེད་པར་ལྟ་སྐུལ་སྤྱི་འདོམས་བྱས།

ལྷ་མོ་འཚོས་བསྒྱུར།