
ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་། 1131ཞབས་ཞུ་དངོས་འབེབས་དོན་འཁྱོལ་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་སྤུས་ཚད་མཐོར་འདེགས་བཏང་། ཟླ10པའི་ཚེས16ཉིན་བར། མཚོ་བྱང་ཁུལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་དྲུག་བརྒྱ་གྱ་བརྒྱད་ཐོ་འགོད་བྱས་ཤིང་། མི་ལྔ་བརྒྱ་གྱ་བཞིའི་ལས་ཞུགས་མངོན་འགྱུར་བྱས་ཏེ་ལས་ཞུགས་རོགས་སྐྱོར་བྱས་ཚད་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་བརྒྱད་བརྒྱད་ལ་སླེབས།
མཚོ་བྱང་ཁུལ་གྱིས་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ལག་དེབ་ཁྲི་གཉིས་སྒྲིག་བཟོ་འགྲེམ་སྤེལ་བྱས་པ་དང་། ཉིན་རེའི་སྲིད་ཇུས་ཅེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ་རང་བདག་གསར་གཏོད་སོགས་དམངས་ཕན་སྲིད་ཇུས་འགྲེལ་ཀློག་ནན་མོ་བྱས། ལས་ཞུགས་ཞབས་ཞུའི་མ་ལག་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། 2025ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་མི་གྲངས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་ཡང་དག་པའི་ལས་རིགས་འདུ་ཤེས་དང་ལས་འདེམས་འདུ་ཤེས་འཛུགས་པར་རོགས་འདེགས་བྱས། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་གཞིས་ཁུལ། ཁེ་ལས་སོགས་སུ་བསྐྱོད་པའི་བསྐྱོད་པ་གསུམ་ཞེས་པའི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་དཔྱིད་རླུང་འགུལ་སྐྱོད་སོགས་ཡུལ་དངོས་མི་བསྡུ་དང་དྲ་ཐོག་མི་བསྡུའི་བྱེད་སྒོ་སྤེལ་ནས་ཁེ་ལས་བརྒྱད་བརྒྱ་དགུ་བཅུ་རྩ་འཛུགས་བྱས་ཏེ་ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་བདུན་དྲུག་བརྒྱ་ལྷག་འདོན་སྤྲོད་བྱས།
རྒྱལ་ཁབ་ཀྱི་རྩལ་ནུས་ཀྱིས་མདུན་ལམ་གསལ་བར་བྱེད་ཅེས་པའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ནས། ལས་གནས་ཀྱི་དགོས་མཁོ་དང་རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་ཕྱོགས་ལྔ་གཞི་གཅིག་གི་གསོ་སྦྱོང་རྣམ་པར་སྐུལ་སྤེལ་བྱས་ཏེ་དགོས་མཁོ་ལྟར་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་རིགས་རྩལ་ནུས་མཐོར་འདེགས་ཆེད་དོན་གསོ་སྦྱོང་སྤེལ། ཧྲན་ཏུང་གི་རོགས་འཛུགས་མ་དངུལ་སྒོར་འབུམ་གཉིས་བརྩོན་ལེན་བྱས་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་རྩ་འཛུགས་བྱས་ཏེ་ཁྱིམ་སྲིད་དང་ལས་གཏོད་མཉམ་བསྲེས་ཀྱི་གསོ་སྦྱོང་ལ་ཞུགས་སུ་བཅུག་ནས་སྤུས་ཚད་མཐོ་བའི་རྒན་གསོ་བཅུ་བཅོལ་ཞབས་ཞུའི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱས། དེ་དང་མཉམ་དུ། སྡེ་ཁག་གིས་ཡིག་ཐོག་སྙན་ཞུ་དང་རྒྱུ་ཆ་ཞིབ་བཤེར། ཆ་རྐྱེན་དཔྱད་དཔོག སྤྱི་ཚོགས་ལ་ཡོངས་བསྒྲགས། ཐོབ་ཐང་སྤྲོད་པ་སོགས་ཀྱི་གོ་རིམ་ལྟར། སྤྱི་ཚོགས་ཞབས་ཞུ་དང་སྨན་བཅོས། སློབ་གསོ་སོགས་ལས་རིགས་ལ་ཁེབས་པའི་ལྟ་སྦྱོང་རྟེན་གཞི་ང་གཉིས་བཙུགས་པ་དང་། ལྟ་སྦྱོང་ལས་གནས་སུམ་བརྒྱ་ལྷག་གསོག་འཇོག་བྱས་ཤིང་། ལྟ་སྦྱོང་ཁ་གསབ་མ་དངུལ་སྒོར་འབུམ་བདུན་དང་ཁྲི་བཞི་སྟོང་བཞི་ལྔ་བརྒྱ་དངོས་འབེབས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།