
ཟླ10པའི་ཚེས22ཉིན། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་རྫས་རིགས་སྣ་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལ་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བསྡོམས་རྩིས་ཅུའུ་བཅས་ལ་མཉམ་འབྲེལ་བྱས་ཏེ 《མཚོ་སྔོན་གྱི2025ལོའི་སྐྱེ་ཁམས་ཐོན་རྫས་ཀྱི་དཀར་ཆག་པར་གཞི》འགྲེམ་སྤེལ་བྱས་ལ། སྐྱེ་ཁམས་ཀྱི་ཐོན་རྫས་བསྡོམས་རྩིས་དང་རིགས་དབྱེ། ཞིབ་རྩིས། གདེང་འཇོག་བཅས་ལ་ཁྲིད་སྟོན་བྱས་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཆེད་རྨང་གཞི་བཏིང་ཡོད།
《དཀར་ཆག》ནང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་བསྡོམས་རྩིས་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《2024ལོའི་སྐྱེ་ཁམས་ཐོན་རྫས་ཀྱི་དཀར་ཆག་པར་གཞི》དེ་རྨང་གཞིར་བྱས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་མ་ལག་དེ་ནགས་ཚལ་དང་རྩྭ་ཐང་། བརླན་ས། ཐང་རྒོད། ཞིང་ས། གྲོང་ཁྱེར། འཁྱགས་རོམ་བཅས་རིགས་ཆེན་པོ་བདུན་ལ་དབྱེ་ཡོད།
《དཀར་ཆག》དེ་བསྡོམས་པའི་རིམ་པ་གསུམ་དུ་དབྱེ་ཡོད། རིམ་པ་དང་པོའི་དཀར་ཆག་ནང་སྐྱེ་ཁམས་ཐོན་རྫས་ཀྱི་དབྱེ་འབྱེད་ནི་དངོས་ཟོག་འདོན་སྤྲོད་རིགས་དང་། སྙོམས་སྒྲིག་ཞབས་ཞུའི་རིགས། རིག་གནས་ཞབས་ཞུའི་རིགས་བཅས་རིགས་གསུམ་ཡོད། རིམ་པ་གཉིས་པའི་དཀར་ཆག་ནང་དུ་མཚོ་སྔོན་གྱི་ཁྱད་ཆོས་དམིགས་ཚད་དང་ཟུང་འབྲེལ་བྱས་ནས་ནགས་ཀྱི་ཐོན་རྫས་དང་། རྩྭའི་ཐོན་རྫས། བྱེ་མའི་ཐོན་རྫས། ཞིང་ལས་ཐོན་རྫས། ཞིང་ལས་དང་ནགས་ལས། ཕྱུགས་ལས། ཉ་ལས་ཐོན་རྫས། ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་ཐོན་རྫས། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཐོན་རྫས། སྐྱེ་དངོས་ནུས་རྒྱུ། ཆུ་ཁུངས་གསོ་གསོག ཆུ་སྤུས་གཙང་སྒྱུར། ས་ནག་སྲུང་འཛིན། རླུང་འགོག་བྱེ་བརྟན། མཁའ་རླུང་གཙང་སྒྱུར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཡུལ་སྐོར་ལུས་གསོའི་ཞབས་ཞུ། སྤྲོ་གསེང་ཞབས་ཞུ། ལྗོངས་ཁུལ་རིན་འཕར་ཞབས་ཞུ་སོགས་ཞིབ་ཕྲའི་རིགས་སུ་དབྱེ་ཡོད། རིམ་པ་གསུམ་པའི་དཀར་ཆག་ནང་རིམ་པ་གཉིས་པའི་དཀར་ཆག་ཇེ་ཞིབ་ཏུ་བཏང་ཡོད།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་ནས《དཀར་ཆག》ཞིབ་ཐོའི་འགུལ་རྣམ་སྙོམས་སྒྲིག་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་རྒྱུ་ཡིན་པ་དང་། སྔར་ལས་མང་པོའི་ཉོ་ཚོང་བྱས་ཆོག་པ་དང་དངུལ་སྤྱོད་བྱས་ཆོག་པ། གཏའ་འཇོག་བྱེད་ཆོག་པའི་སྐྱེ་ཁམས་ཐོན་རྫས་སྔོག་འདོན་དང་གསར་སྤེལ་བྱ་རྒྱུ་ཡིན་ལ། “རི་བོ་གཉིས”བསྒྱུར་བའི་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་ཆགས་པར་རོགས་འདེགས་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།