མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་ཨོ་མོན་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་འགྲེམ་ཚོགས་སྐབས་སུམ་ཅུ་པར་ཞུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

མཚོ་སྔོན་དང་ཞང་ཀང་དང་ཨོ་མོན་ས་ཁུལ་བར་གྱི་ཉོ་ཚོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་ཆེད། ཟླ10པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བདག་གཉེར་ཁེ་ལས་ཀྱིས་གྲུབ་པའི་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་རྩ་འཛུགས་སྒོས། ཨོ་མོན་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་འགྲེམ་ཚོགས་སྐབས་སུམ་ཅུ་པར་ཞུགས་ཏེ། འགྲེམ་ཚོགས་ཀྱི་སྒོ་འབྱེད་རྣམ་པར་བསྟུན་ནས་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་མ་ལག་ལྡན་པར་འགྲེམ་སྟོན་བྱས་ཤིང་། རང་འགུལ་ངང་རྒྱལ་སྤྱིའི་ཁྲོམ་རར་སྦྲེལ་མཐུད་བྱས་ཏེ། རང་ཞིང་གིས་ཟླ10པའི་ཚེས27ཉིན་ནས་ཚེས28ཉིན་བར་ཨོ་མོན་དུ་མཚོ་སྔོན་དང་ཨོ་མོན་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་བྱེད་སྒོ་སྤེལ་བར་སྔོན་ལ་གྲ་སྒྲིག་བྱས།

ཉེ་བའི་ལོ་འདི་འགར། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་ཐོན་རྫས་སྦྲེལ་མཐུད་ཐད་ཀྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་པར་ཞབས་འདེགས་ཞུ་བ་དམིགས་འབེན་དུ་བཟུང་སྟེ། བསྟུར་མར་དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་རྩ་འཛུགས་སྒོས་ཨོ་མོན་རྒྱལ་སྤྱིའི་དངུལ་གཏོང་འགྲེམ་ཚོགས་ལ་ཞུགས། ལོ་སྔོན་མ་དག་དང་བསྡུར་ན། ད་ལོར་རང་ཞིང་གི་ཚོགས་ཞུགས་རྩ་འཛུགས་ལ་འགྲེམ་གནས་ཀྱི་གྲངས་ཀ་གཞིར་བཟུང་ནས་ཁེ་ལས་གཏན་འཁེལ་བྱེད་ཐབས་ཀྱི་འགྱུར་བ་བྱུང་ཞིང་། ཚད་ལྡན་འགྲེམ་གནས་ཀྱི་འགྲེམ་སྟོན་དེ་ཁྱད་མཚོན་སྣང་བརྙན་འགྲེམ་སྟོན་དུ་ལེགས་སྒྲིག་བྱས་ཤིང་། རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ72ཅན་གྱི་ཁྱད་མཚོན་འགྲེམ་ཁུལ་འཛུགས་རྒྱུ་རེད། ཁ་གྲངས་ཀྱི་ཐད་ནས་བལྟས་ན། ཞིང་ཆེན་ནང་ཁུལ་ནས་བསྡོམས་པས་ཁེ་ལས25འགྲེམ་ཚོགས་སུ་ཞུགས་ཡོད་ལ། ཐོག་མར་འགྲེམ་ཚོགས་ལ་ཞུགས་ཚད་ཀྱིས་བརྒྱ་ཆའི་དོན་ལྔ་ཟིན་ཡོད་ཅིང་། འགྲེམ་ཚོགས་ལ་ཞུགས་པའི་ཁ་གྲངས2024ལོའི་དུས་མཉམ་དང་བསྡུར་ན་ཁེ་ལས་བཅོ་ལྔ་ཇེ་མང་དུ་སོང་ཡོད། སྒྲིག་གཞིའི་ཐད་ནས་བལྟས་ན། འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས་ཀྱི་ཁྲོད་ཐོན་སྐྱེད་རིགས་དང་ཚོང་གཉེར་རིགས། ལས་རིགས་རྣམ་པའི་ཁེ་ལས་སོགས་འདུས་ཡོད་ལ། ཁེ་ལས་ལྔ་བསྟུར་མར་འགྲེམ་ཚོགས་ལ་ཐེངས་གཉིས་ཡན་ཞུགས་པ་རེད། བསྡོམས་རྩིས་ལྟར་ན། འགྲེམ་ཚོགས་ལ་ཞུགས་པའི་ཁེ་ལས་ཚང་མས་འགྲེམ་ཚོགས་ལ་ཞུགས་སྐབས་བསྡོམས་པས་ཚོང་མགྲོན་ཁེ་ལས161བར་ཚོང་དོན་གྲོས་མོལ་དང་འབྲེལ་གཏུག་འབྲེལ་བ་བཙུགས་ཡོད།

ད་ལོའི་འགྲེམ་ཚོགས་སྟེང་། རང་ཞིང་གི་ཁེ་ལས་ཀྱི་འགྲེམ་ཞུགས་ཐོན་རྫས་ལ་སྐྱེ་ལྡན་འཕང་འབྲས་དང་། དབྱར་རྩྭ་དགུན་འབུ། སྐམ་ལུག་ཤ། ནས། གྲོ། སྦྲང་རྩི་སོགས་རིགས་ཆེ་བ་བཅོ་ལྔ་ཡོད་པ་དེས། སྤུས་ལེགས་སྐྱེ་ཁམས་ཐོན་རྫས་དང་ཁྱད་འཕགས་ལས་སྣོན་གྱི་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་མཉམ་འདྲེས་དང་། ཁྱད་ལྡན་ཐོན་དངོས་དང་ཤུལ་བཞག་རིག་གནས་གསར་གཏོད་ཟུང་འབྲེལ་བྱེད་པའི་ཁྱད་ཆོས་ཡོངས་སུ་མངོན་པར་བྱས་ཤིང་། ཐོན་རྫས་ཞིབ་བགར་འགྲེམ་སྟོན་གྱི་ཁ་གྲངས་རིགས་སྣ་བརྒྱ་ཙམ་ཡོད། ཡུལ་དངོས་ཀྱི་ཕྱིར་འཚོང་རྣམ་པར་བལྟས་ན། འགྲེམ་ཚོགས་སྐབས་སུ་ཡུལ་དངོས་ཀྱི་ཕྱིར་འཚོང་བསྡོམས་འབོར་སྒོར་འབུམ་གཉིས་ཁྲི་གསུམ་དང་སྟོང་གསུམ་ལ་སླེབས་ཡོད། རང་ཞིང་གི་ཁུ་ནུའི་གཡང་ཀྲི་དང་། ཆ་སི་ཐང་ཀ  རིག་གནས་གསར་གཏོད་ཐོན་རྫས། ཤ་སྐམ། འཕང་འབྲས་འདྲེས་སྦྱོར་ཐོན་རྫས། དབྱར་རྩྭ་དགུན་འབུ། ནས་ཆང་གི་རིགས། ནས་དང་གྲོ་སོགས་ཀྱི་ཐོན་རྫས་རིགས་ལ་ཨོ་མོན་གྱི་འཛད་སྤྱོད་པས་དགའ་བསུ་ཐོབ་ཡོད། འགྲེམ་ཚོགས་དང་བསྟུན་ནས་ཚོང་ལས་སྡེབ་སྒྲིག་གི་གྲོས་མོལ་ཚོགས་འདུ་བསྡུ་བར་རྩ་འཛུགས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་ཁྲོམ་རར་ཁ་ཕྱོགས་པ་དང་། མཉམ་ལས་གྲོགས་པོ། ཐོན་རྫས་མངག་ཉོ་སོགས་ཀྱི་སྦྲེལ་མཐུད་ལ་ཞབས་འདེགས་བྱས་ལ། ཁེ་ལས་བཅུ་གཉིས་རྩ་འཛུགས་ཀྱིས་སྔ་གཞུག་ཏུ་ཨོ་མོན་གྱི་ཉོ་ཚོང་དངུལ་གཏོང་སྐུལ་འདེད་ཅུའུ་དང་། ཨོ་མོན་གྱི་བཟོ་གྲྭ་དང་ཚོང་ལས་མཉམ་འབྲེལ་མཐུན་ཚོགས་བར་ཉོ་ཚོང་མཉམ་ལས་སྦྲེལ་མཐུད་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་ཐོན་ལས་སྦྲེལ་མཐུད་མཉམ་ལས་ཀྱི་བྱེད་ཐབས་དང་ཐབས་ལམ་བསྐྲུན་པར་རོགས་བྱས། འགྲེམ་ཚོགས་སྟེང་བཙུགས་པའི་ཐད་གཏོང་ཁང་དང་བསྟུན་ནས། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་བདུན་རྩ་འཛུགས་སྒོས་ཁེ་ལས་འགྲེམ་ཚོགས་སུ་བསྐྱོད་པའི་གཞུང་ཕྱོགས་ཐད་གཏོང་ཁང་དུ་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་ཡུལ་དངོས་ནས་སྒྲོག་གཏོང་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།