
ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རྒྱུན་མཐུད་ངང་བྱ་བའི་བྱེད་ཐབས་ལེགས་བསྒྱུར་དང་། ནན་ཏན་སྒོས་ཞིབ་བཤེར་དང་སྤྱི་བསྒྲགས་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་ཁེ་ལས336དང་། ལས་བཟོ་བ4400ལ་ལས་གནས་བརྟན་སྲུང་གི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་སྟོང་བརྒྱད་སུམ་བརྒྱ་ལྷག་བྱིན་ཏེ། ཁེ་ལས་ཀྱི་གནོན་ཤུགས་སེལ་བ་དང་ལས་གནས་བརྟན་སྲུང་བྱེད་པ། ལས་ཞུགས་བརྟན་བརླིང་ཡོང་བ་བཅས་ལ་གཞོགས་གདེགས་བྱས།
རེ་ཞུ་མི་དགོས་པར་ལོངས་སྤྱོད་ཐུབ་པའི་ལས་སྒྲུབ་རྣམ་པ་རྒྱུན་བསྲིང་བྱས་ཏེ། ཆ་འཕྲིན་ཅན་གྱི་ལག་ཆ་ལ་བརྟེན་ནས། རིག་ནུས་ཞིབ་བཤེར་བེད་སྤྱོད་བྱེད་པ་དང་གཞི་གྲངས་རེ་རེ་བཞིན་དཔྱད་བསྡུར་བྱེད་པ། གནད་ཁེལ་ངང་ཐོ་འགོད་མིང་ཐོའི་ཆ་འཕྲིན་ཞིབ་བསྡུར་བྱེད་པ་བཅས་བྱས་ཏེ། བྱ་བ་སྒྲུབ་པའི་དུས་ཡུན་ནུས་ལྡན་ངང་ཇེ་ཐུང་དུ་བཏང་ཡོད་པས། ཁེ་ལས་ཀྱིས་རེ་ཞུ་བྱེད་མི་དགོས་པ་དང་ཆེད་དུ་འགྲོ་མི་དགོས་པ། མགྱོགས་མྱུར་ངང་ལོངས་སུ་སྤྱོད་ཐུབ་པ་བཅས་མངོན་འགྱུར་བྱས། དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་ཀྱི་རེ་ཞུའི་བཀག་མེད་རྒྱུད་ལམ་གཏོད་པ་དང་། ལས་ཁུངས་ཀྱི་རེ་ཞུ་དང་གཞི་གྲངས་ཞིབ་བསྡུར། ཞིབ་བཤེར་དང་བསྐྱར་ཞིབ་རྣམ་པ་སྤྱད་དེ། གནད་ལ་ཁེལ་བའི་ངང་སྲིད་ཇུས་མ་དངུལ་དཔྱད་སྤྲོད་བྱས།
ལས་ཤོར་འགན་སྲུང་མ་དངུལ་གྱི་བེད་སྤྱོད་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། ཁེ་ལས་ལ་སྟེར་འོས་པ་ངེས་པར་དུ་སྟེར་བར་ཁག་ཐེག་བྱེད་པར་དམིགས་ཏེ། ནན་ཏན་སྒོས་སྤྱི་ཚོགས་འགན་སྲུང་གི་རིམ་བཞིའི་ཞིབ་བཤེར་བྱ་བའི་གོ་རིམ་ལྟར། སྲིད་ཇུས་ལོངས་སྤྱོད་ཐུབ་མིན་ལ་ཞིབ་བཤེར་ནན་མོ་བྱེད་དགོས། དུས་ལྟར་ཁ་གསབ་དངུལ་སྟེར་བའི་ཆ་རྐྱེན་དང་འཚམ་པའི་ལས་ཁུངས་སྤྱི་བསྒྲགས་བྱས་ཏེ། རང་རྟོགས་ཀྱིས་སྤྱི་ཚོགས་ཀྱི་རིགས་སོ་སོའི་ལྟ་རྟོག་དང་ལེན་བྱེད་དགོས་པར་མ་ཟད། ཧུར་ཐག་གིས་ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་དང་མཐུན་སྦྱོར་བྱས་ཏེ་མ་དངུལ་གཏོང་སྤྲོད་བྱེད་དགོས་ལ། སྔོན་རྩིས་བྱས་པའི་གཏོང་སྤྲོད་མ་དངུལ་དང་ཐད་ཀར་ཁེ་ལས་ལ་སྟེར་བའི་གོ་རིམ་ལྟར། སྤྱི་བསྒྲགས་མཇུག་རྫོགས་རྗེས་མགྱོགས་མྱུར་ངང་སྲིད་ཇུས་མ་དངུལ་གཏོང་སྤྲོད་བྱས་ཏེ། ལས་གནས་བརྟན་སྲུང་མ་དངུལ་སྤྲོད་པར་ཆད་ལྷག་མི་འབྱུང་བར་བྱེད་དགོས་པ་དང་། སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་ཐད་ཀར་ལོངས་སུ་སྤྱོད་ཐུབ་པ་དང་མགྱོགས་མྱུར་ངང་ལོངས་སྤྱོད་ཐུབ་པར་ཁག་ཐེག་བྱས།
དེ་དང་ཆབས་ཅིག ཁེ་ལས་ཀྱི་དགོས་མཁོ་ལ་དམ་པོར་དམིགས་ཏེ། མུ་མཐུད་དུ་ལས་གནས་བརྟན་སྲུང་གི་དངུལ་ཁ་གསབ་དངུལ་སྤྲོད་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་། སྲིད་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྗེས་འདེད་དཔྱད་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་ཐོག་ཏུ་གནད་དོན་གསལ་རྟོགས་དང་བྱེད་ཐབས་ལེགས་བསྒྱུར་བྱེད་པ་དང་། མ་དངུལ་བྱིན་པའི་གནས་ཚུལ་ལ་དུས་བཅད་ལྟར་རྗེས་འདེད་ཞིབ་བཤེར་བྱེད་པ། མ་དངུལ་ལས་བཟོ་བའི་འཚོ་བའི་ཁ་གསབ་དང་ལག་རྩལ་གསོ་སྦྱོང་སྤེལ་བ་སོགས་ཀྱི་ཕྱོགས་ལ་བཏང་བ་དང་། ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། ཧུར་ཐག་གིས་ཁེ་ལས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་ལས་གནས་བརྟན་སྲུང་བྱེད་པར་གཞོགས་འདེགས་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།