
ཟླ10པའི་ཚེས24ཉིན། གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོའི་ཚུན་ལ། ཞིང་ཆེན་སྤྱི་བདེ་ཐིན་གྱིས་འཁོར་ཡུན་ཧྲིལ་བོའི་བདེ་འཇགས་དོ་དམ་འདུ་ཤེས་སྣེ་ཁྲིད་དུ་བཟུང་ནས། ཉེན་རྟོག་རུ་ཁག་གི་སེམས་ཁམས་བདེ་ཐང་ཐད་ཀྱི་དགོས་མཁོར་དམིགས་ནས་དཔྱད་ཞིབ་ཡིག་ཚགས་བཟོ་བ་དང་རྐང་འཛིན་པ་གསོ་སྐྱོང་། གནད་ཁེལ་སློབ་ཁྲིད། ཚོགས་ར་འཛུགས་སྐྲུན་བཅས་ཕྱོགས་བཞི་ལ་ཤུགས་བསྣན་ནས་མ་ལག་རང་བཞིན་དང་ཆེད་ལས་རང་བཞིན། རྒྱུན་རྣམ་རང་བཞིན་གྱི་སེམས་ཁམས་བདེ་ཐང་ཞབས་ཞུའི་བྱ་བའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པར་བྱས་ཏེ། སྤྱི་བདེ་རུ་ཁག་གི་སེམས་ཁམས་བདེ་ཐང་ཐད་རྨང་གཞི་བརྟན་པོ་བཏང་།
ཞིང་ཆེན་སྤྱི་བདེ་ཐིན་གྱིས་སེམས་ཁམས་ཞིབ་བཤེར་བྱེད་རྒྱུ་གནད་ཁེལ་ཞབས་ཞུའི་རྨང་གཞི་རུ་བརྩིས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དམངས་དོན་ཉེན་རྟོག་པ་དང་གཞོག་འདེགས་ཉེན་རྟོག་པ་གཅིག་བསྡུས་སྒོས་རྩ་འཛུགས་བྱས་ཏེ་སེམས་ཁམས་བདེ་འཇགས་ཐད་ཆེད་དོན་དཔྱད་ཞིབ་བྱས་ནས་མི་སྒེར་གྱི་སེམས་ཁམས་ཡིག་ཚགས་ཉིས་ཁྲི་ཆིག་སྟོང་བཞི་བརྒྱ་ལྷག་བཟོས་པ་དང་། ཕྱིས་སུ་གནད་ཁེལ་ཞབས་ཞུ་བྱེད་པར་གཞི་གྲངས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་པ་བགར་ནས་སེམས་ཁམས་བདེ་ཐང་བྱ་བའི་རྐང་འཛིན་པ་གསོ་སྐྱོང་བྱས་ཏེ། སེམས་ཁམས་དཔྱད་ཞིབ་དང་ཉེན་ཁ་སོགས་ཐད་ཀྱི་རྩལ་ནུས་ལ་དམིགས་ནས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་དགུ་སྤེལ་བ་དང་། སེམས་ཁམས་བདེ་ཐང་ཐད་ཀྱི་ཆེད་མཁས་དང་སྨན་པ་སོགས་གདན་ཞུ་བྱས་ནས་གསོ་སྦྱོང་དང་ལག་ལེན། མཛུབ་སྟོན་བཅས་གཞི་གཅིག་ཅན་གྱི་བཀག་སྡོམ་གསོ་སྦྱོང་རྣམ་པ་བཙུགས། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཐིན་རིམ་པས་གཅིག་གྱུར་བཀོད་འདོམས་དང་གྲོང་ཁྱེར་རིམ་པས་རྩ་འཛུགས། རྫོང་རིམ་པས་དོན་འཁྱོལ། གཞི་རིམ་གྱིས་ཕྱིར་ལྡོག་བྱེད་པའི་རིམ་པ་བཞིའི་མཉམ་འགུལ་རྐྱེན་སྲོལ་གྲུབ་པར་བྱས་ནས་ཞབས་ཞུའི་རྣམ་པར་འཆད་ཁྲིད་དང་ཚོགས་པས་རོགས་འདེགས་བྱེད་པ། དངོས་རྣམ་འཁྲབ་སྦྱོང་སོགས་ཕྱོགས་མང་པོ་འདུ་བ་དང་། གཙོ་བོར་དཀའ་ཁག་ཆེ་བའི་ས་ཁུལ་དང་ལས་ཡུལ་དང་པོའི་དངོས་འཐབ་ལས་ཁུངས་སོགས་ལ་ཁྱབ་ཡོད།
དེ་མིན་མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུན་མཐུད་ངང་སེམས་ཁམས་བདེ་ཐང་ཞབས་ཞུའི་ས་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ད་ཡོད་ཀྱི་ཐོན་ཁུངས་བདེ་སྤྱོད་ཡག་པོ་བྱེད་པ་དང་། འདྲི་རྟོག་དང་མཛུབ་ཁྲིད། སེམས་བདེ་ལ་འབབ་པ། སེམས་ངལ་ཕྱིར་ཕྱུང་བ་སོགས་གཞི་གཅིག་ཅན་གྱི་སེམས་ཁམས་ཞབས་ཞུའི་ས་ཚིགས་བཙུགས་ནས་སེམས་ཁམས་བདེ་ཐང་ཞབས་ཞུ་རྒྱུན་རྣམ་ཅན་ལ་གནས་ཡུལ་བརྟན་པོ་འདོན་སྤྲོད་བྱས།
མི་ཕམ་གྱིས་བསྒྱུར།