
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་རྩ་འཛུགས་ཅན་གྱི་ཚད་གཞི་མཐོར་འདེགས་བཏང་བ་དང་། ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་སོགས་ལ་བརྟེན་ནས་ལས་ཞུགས་གཞི་ཁྱོན་གཏན་འཇགས་སྒོས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཚད་མི་ཐེངས་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་དགུ་བརྒྱད་བརྒྱ་ལ་སླེབས་ནས་ལོ་ཧྲིལ་བོའི་དམིགས་འབེན་གྱི102.8%ཡོངས་འགྲུབ་བྱས་པ་དང་། དེའི་ནང་རྩ་འཛུགས་ཡོད་པའི་སྒོ་ནས་སྤོ་སྒྱུར་ལས་ཞུགས་མི་ཐེངས་འབུམ་གཉིས་དང་ཁྲི་བདུན་སྟོང་ལྔ་ཉིས་བརྒྱ་བྱས་ཏེ་ལས་ཞུགས་སྐུལ་ཁྲིད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན།
དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་དབུར་ཐར་མི་གྲངས་ཀྱིས་ལས་ཞུགས་བྱེད་པའི་རྗེས་འདེད་ལྟ་ཞིབ་ཚད་ལེན་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་། ཞིང་ལས་ཞིང་སྡེ་ལས་ཁུངས་ཀྱི་ཕྱིར་དབུལ་བོར་འགྱུར་བ་འགོག་པའི་ལྟ་ཞིབ་ཚད་ལེན་མ་ལག་དང་མི་ཤུགས་ཐོན་ཁུངས་ལས་ཁུངས་ཀྱི་ལས་ཞུགས་གཞི་གྲངས་བསྡུར་བ་བྱེད་པར་བརྟེན་ནས་དུས་ལྟར་ལས་ཤོར་ཉེན་ཁ་སྔོན་འགོག་དང་ཐག་བཅད། ཟླ་དགུ་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་གཞི་ཁྱོན་མི་ཐེངས་འབུམ་གཉིས་དང་ཁྲི་གསུམ་སྟོང་བརྒྱད་དྲུག་བརྒྱར་སླེབས་ནས་ལོ་ཧྲིལ་བོའི་དམིགས་འབེན་གྱི119.3%ཡོངས་འགྲུབ་བྱས་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གཙོ་བོ་བཅོ་ལྔའི་དབུལ་ཐར་མི་གྲངས་ཁྲི་དགུ་དང་སྟོང་བདུན་སུམ་བརྒྱས་ལས་ཞུགས་མངོན་འགྱུར་བྱས་ནས་ལོ་ཧྲིལ་བོའི་དམིགས་འབེན་གྱི124.1%ཡོངས་འགྲུབ་བྱས།
ངལ་ལས་ཟོང་རྟོགས་གསོ་སྐྱོང་ཐད་ཕན་འབྲས་མངོན་གསལ་ཐོབ། ཞིང་ཆེན་ཡོངས་ཀྱིས་མཚོ་སྔོན་གྱི་འཐེན་ཐུག་དང་མཚོ་སྔོན་གྱི་གཙགས་དྲུབ་སོགས་ཁྱད་ལྡན་ངལ་ལས་ཟོང་རྟོགས་ཞེ་དགུ་བསྐྲུན་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་བོར་མི་ཐེངས་འབུམ་བཞི་ལྷག་གི་ལས་ཞུགས་མངོན་འགྱུར་བྱེད་ཐུབ། དེ་དང་མཉམ་དུ་ལག་བསྟར་བྱས་པའི་རྩལ་ནུས་ཀྱིས་མདུན་ལམ་གསལ་བྱེད་ཅེས་པའི་གསོ་སྦྱོང་གིས་ཁམས་གསོ་བུ་བཅོལ་དང་ཁྱིམ་སྲིད་ཞབས་ཞུ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས། ལས་གཞི་ཆེན་པོ་ལྔ་དང་ཆེད་དོན་གསོ་སྦྱོང་བཅུ་གཉིས་སྤེལ་ཏེ་ངལ་རྩོལ་པའི་ལས་ཞུགས་ནུས་པ་ནུས་ཡོད་སྒོས་མཐོར་འདེགས་བཏང་།
རོགས་སྐྱོར་སྲིད་ཇུས་ཀྱི་གནད་འཁེལ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་མ་དངུལ་ཚབ་སྤྲོད་ཞབས་ཞུ་རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་བྱེད་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་དང་དཀའ་ཁག་ཆེ་བའི་མི་སྣ་འབུམ་གཅིག་དང་ཁྲི་དགུ་ལྷག་ལ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་ལྔ་ཁྲི་བདུན་ལྷག་ཚབ་སྤྲོད་བྱས། དེ་དང་མཉམ་དུ་ཞིང་ཆེན་བརྒལ་བའི་ངལ་ལས་དབུལ་ཐར་ངལ་རྩོལ་པར་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་ཁྲི་བཞི་བྱིན། མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་སྟེ། འབྲིང་རིམ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་དང་དངོས་གཞིའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་སློབ་འཕར་ཚད་སོ་སོར63.4%དང87.81%ལ་སླེབས་ནས། མི་ཚོགས་གཙོ་བོའི་ལས་ཞུགས་བརྟན་འཇགས་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར།
ལྷ་མོ་ཚེ་རིང་གིས་བསྒྱུར།