
ཟླ11པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་ཁྲིམས་རྩོད་པའི་སློབ་གླིང་འཛུགས་པའི་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས། འདིས་རང་ཞིང་གིས་ཁྲིམས་རྩོད་པའི་སློབ་གསོ་གསོ་སྦྱོང་མ་ལག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལམ་བུའི་སྟེང་བརྟན་བརླིང་གི་གྲུབ་འབྲས་ཤིག་བླངས་པ་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཆེད་ལས་ཅན་དང་ཚད་ལྡན་ཅན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་གི་འགོ་བརྩམས་པ་མཚོན།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཁྲིམས་རྩོད་པའི་སློབ་གླིང་ནི་ཀྲུང་གོ་ཁྲིམས་ལུགས་སློབ་ཚོགས་ཁྲིམས་རྩོད་པའི་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོའི་མི་དམངས་སློབ་ཆེན་ཁྲིམས་རྩོད་པའི་སློབ་གླིང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པ་ཞིག་ཡིན་པས། ཞིང་ཆེན་གྱི་ཁྲིམས་རྩོད་པའི་དཔུང་ཁག་གི་ཆབ་སྲིད་བྱང་ཚད་དང་། ལས་རིགས་ཀུན་སྤྱོད། ཆེད་ལས་ནུས་པ་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དོན་སྙིང་ཟབ་མོ་ལྡན། མཚོ་སྔོན་ཁྲིམས་རྩོད་པའི་སློབ་གླིང་གིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། ཁྲིམས་འཛིན་ལས་དོན་ཆེད་མཁས་པ། ཕུལ་བྱུང་ཁྲིམས་རྩོད་པའི་ཐོན་ཁུངས་བཅས་བསྡུ་སྒྲིལ་བྱས་ཏེ། མ་ལག་ཅན་དང་དངོས་འཐབ་ཅན། བྱང་ཚད་མཐོ་བའི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྟེགས་བུ་འཛུགས་རྒྱུ་རེད། ཁྲིམས་སྐྱོང་ལག་ལེན་གྱི་དགོས་མཁོར་དམ་པོར་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། ལས་གཉེར་སྒྲིག་ཁྲིམས་ཚད་གཞི། རྨང་གཞིའི་བཅའ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས། ཆེད་དོན་བཅའ་ཁྲིམས་ཀྱི་དངོས་གཉེར། གསར་དར་ལས་སྒོའི་ཁྱབ་ཁོངས། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་སོགས་ཕྱོགས་མང་པོར་སློབ་གསོ་གསོ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་བསྟར་ཐུབ་པའི་བྱང་ཚད་མཐོ་བའི་ཁྲིམས་རྩོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་པ། ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་ཀྱི་སྲུང་སྐྱོབ་སྟོབས་ཤུགས་གསར་བསྐྲུན་བྱེད་པ། རིགས་པའི་གཞུང་ལུགས་དང་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་གསར་གཏོད་སྐུལ་འདེད་གཏོང་མཁན་དུ་གྱུར་ནས་ཞིང་ཆེན་ཡོངས་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས།
མཛད་སྒོའི་རྗེས་སུ། མཚོ་སྔོན་ཁྲིམས་རྩོད་པའི་སློབ་གླིང་གི་ཐེངས་དང་པོའི་གསོ་སྦྱོང་འཛིན་གྲྭ་ཡང་དུས་མཉམ་དུ་འགོ་བརྩམས་པ་དང་། ནུབ་རྒྱུད་ས་ཁུལ་དང་རང་ཞིང་གི་ཁྲིམས་རྩོད་པ་ཁྱོན་བསྡོམས་མི300ལྷག་མཛད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།