
དངུལ་རྩའི་ཐོན་ཁུངས་དག་སྒྲིག་དང་། དངུལ་རྩའི་ལས་ཁུངས་དང་དམངས་གཉེར། ཁེ་ལས་ཆུང་འབྲིང་བཅས་ཀྱི་འབྲེལ་འདྲིས་བརྗེ་རེས་སྟེགས་བུ་བསྐྲུན་ཆེད། ཟླ11པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་དང་། ཞིང་ཆེན་དངུལ་རྩའི་ལས་རིགས་མཐུན་ཚོགས་དང་ཟི་ལིང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་མཉམ་འབྲེལ་སྒོས་དངུལ་རྩའི་སྟོབས་ཤུགས་གཅིག་སྡུད་དང་དངུལ་ཕུང་དཔལ་འབྱོར་ལ་སྟོབས་ནུས་སྩོལ་ཞེས་པའི་སྦྲེལ་མཐུད་ཚོགས་འདུ་བསྡུས་ཏེ། དངུལ་རྩའི་ལས་ཁུངས་སོ་ལྔ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་གྱ་ལྔ་ཞུགས་པ་དང་། དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཀྱི་གནད་འཁེལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས། དངུལ་རྩའི་མཉམ་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཞིང་། དངོས་ཕུང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན།
སྦྲེལ་མཐུད་ཚོགས་འདུ་ལས་གནད་འཁེལ་སྡེབ་སྒྲིག་འདོན་སྤྲོད་དང་དངུལ་བསྡུའི་དཀའ་གནད་སེལ་བར་དམིགས་ནས། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་ལས་ཁུངས་བཞི་ཡིས་རང་ངོས་ཀྱི་ལས་དོན་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཁྱད་ལྡན་དངུལ་རྩའི་སྲིད་ཇུས་དང་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་གསར་གཏོད་སྐོར་ངོ་སྤྲོད་ཞིབ་མོ་བྱས། མཚོ་སྔོན་གྱི་ཧའེ་ཀྲི་ཡན་དངོས་གཉེར་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བཞིས་རང་ངོས་འཕེལ་རྒྱས་ཀྱི་དངོས་ཡོད་ལྟར། ཐོན་སྐྱེད་རྒྱ་བསྐྱེད་དང་ལག་རྩལ་རིམ་སྤོར། ཁྲོམ་ར་རྒྱ་བསྐྱེད་སོགས་ཕྱོགས་ཀྱི་དངུལ་རྩའི་བླང་བྱ་དང་། དུས་སྔོན་གྱི་དངུལ་བསྡུའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་བཅས་ཞིབ་མོར་འགྲེལ་བཤད་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱི་གནད་འཁེལ་ཞབས་ཞུར་ཁ་ཕྱོགས་འདོན་སྤྲོད་བྱས།
སྦྲེལ་མཐུད་ཚོགས་འདུའི་ཡུལ་དངོས་སུ། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཀྲུང་གོའི་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོའི་སྦྲགས་སྲིད་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་། མཚོ་སྔོན་ཀའོ་ཡུས་ཚོང་ལས་ཚད་ཡོད་ཀུང་ཟི་བཅས་སོ་སོས་ཁེ་ལས་དྲུག་དང་མཉམ་དུ་མཉམ་ལས་མོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། ཡུལ་དངོས་སུ་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གསུམ་དང་ཁྲི་དྲུག་མཉམ་ལས་མོས་མཐུན་བཀོད།
གཅིག་གཏད་གཅིག་གི་ཡུལ་དངོས་བློ་འདྲི་དང་དངུལ་བསྡུའི་སྦྲེལ་མཐུད་ལས་རིམ་དུ། ཁེ་ལས་དང་དངུལ་རྩའི་ལས་ཁུངས་རེ་བརྒྱད་ཀྱིས་ཞིབ་ཕྲའི་དངུལ་བསྡུའི་ཇུས་གཞི་དང་ཉེན་ཁ་དཔྱད་འཇོག ཁག་ཁུར་བྱེད་ཐབས་སོགས་ལ་དམིགས་ནས་འབྲེལ་འདྲིས་བྱས་སྟབས། ཡུལ་དངོས་སུ་ཛ་དྲག་གི་རྣམ་པས་ཁེངས་ཤིང་། དུས་རིམ་རྗེས་མའི་མཉམ་ལས་ཐད་རྨང་གཞི་བརྟན་པོ་བཏིངས།
ལྷ་མོ་འཚོས་བསྒྱུར།