མཚོ་སྔོན་གྱིས་རྨ་ཆུའི་གཅན་ཚྭའི་མཚམས་སུ་ཐོག་མར་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་ཉ་རིགས་གློད་གཏོང་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ11པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་རྨ་ཆུའི་གཅན་ཚྭའི་མཚམས་སུ་གསོ་སྤེལ་གློད་གཏོང་བྱ་འགུལ་སྤེལ་བ་དང་། ཐོག་མར་གནས་དེར་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཏེ་ཅི་པེན་སོ་ལྡན་ཉ་རིགས་ཀྱི་ཉ་ཕྲུག་ཁྲི6ལྷག་དང་། མཐོ་སྒང་གི་ཉའི་ཉ་ཕྲུག་ཁྲི2ལྷག་བཏང་བར་མ་ཟད། ཉ་ཁྲའི་ཉ་ཕྲུག་ཁྲི5ལྷག་བཏང་ནས། ཐེངས་འདིའི་ཉ་ཕྲུག་གློད་གཏོང་དུ་བསྡོམས་པས་ཁྲི13ལྷག་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་རྨ་ཆུའི་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་།

སྐྱེ་འཕེལ་གློད་གཏོང་བྱ་འགུལ་ནི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སླར་གསོ་འགུལ་བསྐྱོད་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།  རྨ་ཆུའི་སྟོད་རྒྱུད་ཀྱི་ཉ་རིགས་གཙོ་བོའི་གྲངས་ཚད་ཕན་ནུས་ལྡན་པའི་སྒོ་ནས་ཁ་གསབ་བྱེད་ཐུབ་ལ། ལྷག་པར་དུ་ཉ་གསོའི་ཆུ་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་འགོག་ར་དང་ད་དུང་ཉ་རིགས་ཀྱི་ཐོན་ཁུངས་རྒྱུན་མཐུད་བཀོལ་སྤྱོད་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན།

བསྡོམས་རྩིས་བྱས་པ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱིས་རྨ་ཆུའི་བཞུར་རྒྱུན་དུ་སྐྱེ་འཕེལ་གློད་གཏོང་ཐེངས་བདུན་ལ་སྤེལ་བ་དང་། བསྡོམས་པས་ཉ་རིགས་ཁྲི80བཏང་ལ། རྒྱུན་མཐུད་ངང་རྨ་ཆུའི་སྟོད་རྒྱུད་སྐྱེ་ཁམས་ལ་ནུས་ཤུགས་བསྩལ་བ་དང་། བཞུར་རྒྱུན་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་།

ཏིང་འཛིན་མཚོ་མོས་བསྒྱུར།