མཚོ་ཤར་གྱིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་གཞི་ཉིས་བརྒྱ་བཞི་བཅུར་བརྟེན་ནས་བདེ་སྡོད་གནས་སྤོར་གྱི་དཔེ་སྟོན་མ་དཔེ་བསྐྲུན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཉེ་ལམ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་ངོ་སྤྲོད་བྱས་དོན། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་བྱ་བ་འགོ་བརྩམས་པའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱིའི་འཆར་འགོད་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞིར་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་དང་ལས་རིམ་བླང་བྱར་དམིགས་ཤིང་། དུས་ཚོད་སྐར་ཆ་རེ་རེ་དམ་འཛིན་བྱེད་པའི་འབད་འཐབ་ཀྱི་རྣམ་འགྱུར་ལ་བརྟེན་ནས། མྱུར་ཚད་ཇེ་མགྱོགས་ལ་དུས་ཡུན་ཆེས་ཐུང་བ། སྤུས་ཚད་ཆེས་མཐོ་བ་བཅས་ཀྱི་སྒོ་ནས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་གཞི་ཉིས་བརྒྱ་བཞི་བཅུ་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་གྱིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དགུ་བཏང་ནས་ཉེན་གཡོལ་གནས་སྤོར་བདེ་འགོད་ལས་གཞི་བཞི་ལག་བསྟར་བྱས་པ་དང་། ཁྱོན་བསྡོམས་ས་གཤིས་གནོད་འཚེའི་འཇིགས་སྐུལ་ཐེབས་པའི་མང་ཚོགས་དུད་ཁྱིམ་སྟོང་གསུམ་དང་བརྒྱད་བརྒྱ་དོན་དྲུག་གནས་སྤོར་བྱས་ཏེ། གཞི་རྩའི་ཆ་ནས་གནོད་ཐེབས་མང་ཚོགས་ཀྱི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ལ། ཀྲུང་ཁྲོན་ཡུལ་ཚོའི་ཅིན་ཐེན་དང་ཚོ་ཐན་སྡེ་བ། ཀོན་ཐིན་གྲོང་རྡལ་ཀྲའོ་མའོ་ཁྲོན་སྡེ་བ་བཅས་ཀྱི་གཅིག་བསྡུས་བདེ་འགོད་ས་ཚིགས་ཀྱི་གནས་སྤོར་དཔེ་སྟོན་མ་དཔེ་འཛུགས་སྐྲུན་ལེགས་འགྲུབ་བྱུང་། 

དེ་དང་མཉམ་དུ། མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་དགུ་དང་ས་ཡ་གཉིས་བཏང་ནས་ཞིང་པའི་སྡོད་ཁང་འཛུགས་སྐྲུན་གྱི་ལས་གཞི་དགུ་ལག་བསྟར་བྱས་པ་དང་། དུད་ཁྱིམ་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱའི་ཁང་པ་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་འགྲུབ་པས། མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་གཞི་རྩའི་ཆ་ནས་ལེགས་སྒྱུར་བྱས། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་གཅིག་བཏང་ནས་སློབ་གསོ་རིག་གནས་དང་དམངས་སྲིད་འཕྲོད་བསྟེན། གཞི་རིམ་སྲིད་དབང་། འབྲུ་རིགས་བདེ་འཇགས་སོགས་ལས་གཞི་གོ་གསུམ་ལག་བསྟར་བྱས་ཏེ། སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ནུས་ལྡན་སྒོས་མཐོར་འདེགས་བཏང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བརྒྱད་བཏང་ནས་འགྲིམ་འགྲུལ་ལས་གཞི་བརྒྱད་ལག་བསྟར་བྱས་ཏེ།  གནོད་ཁུལ་གཞུང་ལམ་འགྲུལ་བསྐྱོད་ནུས་པ་སྔར་ལས་ཇེ་མཐོར་བཏང་། མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་ནས་ཆུ་བེད་ལས་གཞི་ཞེ་གསུམ་ལག་བསྟར་བྱས་ཏེ། གནོད་ཁུལ་མང་ཚོགས་ལ་ཆུ་མཁོ་འདོན་དང་ཞིང་སར་ཡུར་ཆུ་འདྲེན་པར་འགན་སྲུང་ནུས་ལྡན་བྱས། 

ལྷ་མོ་འཚོས་བསྒྱུར།