དབུལ་ཐར་ཞིང་པ་ཞོར་ལས་པར་སྒོར་ས་ཡ་གཉིས་དང་ཁྲི་བརྒྱད་སྟོང་བཞིའི་འགྲིམ་འགྲུལ་གྱི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དོན་དངོས་གནས་ཚུལ་དང་བསྟུན་ནས་དབུལ་ཐར་མང་ཚོགས་ལ་སྒོར་ས་ཡ་གཉིས་དང་ཁྲི་བརྒྱད་སྟོང་བཞིའི་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་ཏེ། ཐད་ཀར་དུ་དབུལ་ཐར་མང་ཚོགས་སྟོང་གཉིས་དང་གོ་གཉིས་ལ་རོགས་སྐྱོར་བྱས། ཆ་རྐྱེན་འཛོམས་པའི་མི་སྣ་ཚང་མར་རེ་ཞུ་དགོས་པ་ཚང་མ་རེ་ཞུ་བྱེད་པ་དང་། ཁ་གསབ་བྱེད་དགོས་པ་ཚང་མ་ཁ་གསབ་བྱས་ཡོད། མིག་སྔའི་བར་དུ་ཁུལ་ཡོངས་སུ་དབུལ་ཐར་མི་གྲངས་སྟོང་དགུ་ལྔ་བརྒྱ་སོ་བཞི་ཡོད།

མཚོ་བྱང་ཁུལ་གྱིས་ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་གཏན་འབེབས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཕྱི་རུ་ལས་ཀ་བྱེད་པ་དང་ལས་ཞུགས་ལས་གཏོད་ཟླ་བ་གསུམ་ཡན་གྱི་དབུལ་ཐར་མང་ཚོགས་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚང་མ་ཁ་གསབ་བྱ་ཡུལ་དུ་བརྩིས་ནས་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྒོར་སྟོང་གཅིག་སྟེར་རྒྱུ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཕྱི་རུ་སོང་སྟེ་ལས་ཀ་བྱེད་མཁན་ལ་མཐིལ་རྟོགས་གྲལ་བཤེར་བྱས་ཏེ། རྒྱལ་ཡོངས་ཀྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་ཞིབ་དཔྱད་སོགས་ཀྱི་ཐབས་ལམ་བརྒྱུད་ཁ་གསབ་བྱ་ཡུལ་གཏན་འཁེལ་བྱས་ནས། ཞིང་ཆེན་གཞན་ལ་ཞོར་ལས་བྱེད་དུ་འགྲོ་མཁན་མི་སྟོང་གཅིག་གྱ་བརྒྱད་ལ་འགྲིམ་འགྲུལ་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་དོན་འཁྱོལ་བྱས། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མུན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ“ངལ་ནུས་ཁ་གསབ”ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མིག་སྔའི་བར་ཞིང་ཆེན་ནང་ཁུལ་གྱི་ཞོར་ལས་པ་སྟོང་གཅིག་དང་བཞི་ལ་ངལ་ནུས་ཁ་གསབ་རོགས་དངུལ་སྒོར་འབུམ་དགུ་དང་ཁྲི་དགུ་སྟོང་དྲུག་དོན་འཁྱོལ་བྱས་ཡོད་ལ། རེ་ཞུ་བྱེད་ཚད100%ཟིན་ཡོད།

རིམ་པ་བཞིན་སྙན་སེང་ཞུ་བ་དང་། རིམ་པ་བཞིན་ཞིབ་བཤེར་གཏན་འབེབས་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཁ་གསབ་རོགས་དངུལ་སྤྲོད་པའི་གོ་རིམ་སྔར་ལས་ལྷག་པའི་སྒོ་ནས་ཁུ་བསྡུ་དང་ལེགས་སྒྱུར་བྱེད་པ་དང་། དྲ་ཕྱིའི་ཆེད་དམིགས་ཞབས་ཞུ་བྱེད་ས་བཙུགས་ནས་རེ་ཞུ་དང་ལེན་བྱེད་པ། དྲ་ཐོག་ནས་སྐད་འཕྲིན་གྱི་ལས་རིམ་ཆུང་བ་སོགས་ཀྱི་ལས་སྟེགས་སྤྱད་དེ། རེ་ཞུ་བྱེད་མཁན་མང་ཚོགས་ལ“ཤར་བགྲོད་རྒྱུ་ལམ”ཕྱེ་སྟེ། ཁག་ཅིག་བདག་སྤྲོད་དང་། ཞིབ་བཤེར་གཏན་འབེབས། ཁག་གཅིག་ཡོངས་བསྒྲགས། ཁག་གཅིག་དོན་འཁྱོལ་བཅས་བྱས་ཏེ། “མྱུར་སྒྲུབ་མྱུར་གསབ་”མངོན་འགྱུར་བྱ་དགོས། དུས་མཚུངས་སུ།“གཞི་གྲངས་ལྟེ་གནས”ཀྱི་ལས་ཞུགས་ཞབས་ཞུའི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུ་ཆ་སྤྲོད་པ་དང་། ཆ་འཕྲིན་སྐྱེལ་བ། སྒོ་རྩར་བཅར་འདྲི་བྱེད་པ་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་ནས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་རེ་ཞུ་བྱེད་པའི་གོ་རིམ་གསལ་བཤད། དབུལ་ཐར་མང་ཚོགས་ཕྱི་རུ་ལས་ཀར་སྐྱོད་པའི་“ནང་གནས་སྒུལ་ཤུགས་”སྐུལ་སྤེལ་བཅས་བྱས་ཡོད།