མཚོ་སྔོན་གྱིས་དགུན་དུས་མཁའ་འགྲུལ་སྐྱེལ་འདྲེན་གྱི་རྒྱུད་ལམ་འཛུགས་བསྐྲུན་བྱེད་པར་ཐོལ་བརྒལ་གསར་བ་བྱུང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཟླ11པའི་ཚེས17ཉིན།  གསར་འགོད་པས་མཚོ་སྔོན་གནམ་ཐང་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ10བའི་ཚེས26ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཡིས་དགུན་དུས་སུ་ཐོན་པ་ནས་བཟུང་། མཚོ་སྔོན་མཁའ་འགྲུལ་འགྲུལ་ཟོག་སྐྱེལ་འདྲེན་མུ་མཐུད་དུ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་། མཁའ་ལམ་ཤར་གཏོང་གྲོང་ཁྱེར་ཁ་སྣོན་བྱས་ཏེ49རུ་སླེབས་ཡོད།  མཁའ་འགྲུལ་ལམ་ཐིག་གི་ཤར་གཏོང་རང་བཞིན་དང་སྟབས་བདེའི་རང་བཞིན་རྒྱུན་མཐུད་ངང་མཐོར་འདེགས་བྱུང་བ་དང་།  ན་ནིང་གི་དགུན་དུས་དང་བསྡུར་ན།  ཟི་ལིང་ནས་པེ་ཅིང་གི་མཁའ་འགྲུལ་གནམ་གྲུ་ཉིན་རེར་ཐེངས་ལྔ་ནས་ཉིན་རེར་ཐེངས་བདུན་ལ་འཕར་བ་དང་།  ཧྲང་ཧྲེ་དང་ནན་ཅིང་།  ནན་ཁྲང་།  ནན་ཉུན།  ཧྲི་ཅ་ཀྲང་སོགས་གཙོ་གནད་གྲོང་ཁྱེར་གྱི་མཁའ་འགྲུལ་རྒྱུན་མཐུད་ངང་ཇེ་མང་དུ་སོང་ཡོད།

མགྱོགས་མྱུར་ངང་ཧྲན་ཞི་དང་མཚོ་སྔོན་གྱི་རྒྱུད་ལམ་འཛུགས་བསྐྲུན་བྱེད་ཆེད།  མཚོ་སྔོན་གནམ་ཐང་ཀུང་ཟིས་ཧུར་ཐག་གིས་ཤར་ཕྱོགས་མཁའ་འགྲུལ་ཀུང་ཟི་དང་།  ཧྭེ་ནན་མཁའ་འགྲུལ་ཀུང་ཟི་གཉིས་ལ་མཐུན་སྦྱོར་བྱས་ཏེ།  ཟླ11པའི་ཚེས23ཉིན་དང་ཟླ11པའི་ཚེས25ཉིན་དུ་བསྟུན་མུར་ཟི་ལིང་ནས་ཞི་ཨན་བར་གྱི་འགྲོ་འོང་གནམ་གྲུ་ཐེངས་གཉིས་བསྣན་པ་དང་།  འགྲུལ་ཐེངས་རེའི་བར་དུ་ཆུ་ཚོད་བཅུ་རེ་ཡོད་པ་ནས་ཆུ་ཚོད་གསུམ་དུ་ཇེ་ཉུང་དུ་བཏང་སྟེ།  མཚོ་སྔོན་དང་ཧྲན་ཞི་བར་གྱི་ཉིན་གཅིག་གི་ལས་ཕྱོད་མཐོ་བ་དང་འགྲོ་འོང་མང་བ་མངོན་འགྱུར་བྱས།  མཚོ་སྔོན་དང་ཧྲན་ཞི་ཡི་རྒྱུད་ལམ་གྱི་མང་ཉུང་དང་དུས་མཚམས་ཀྱི་ལེགས་ཆ་བེད་སྤྱད་དེ།  ཟི་ལིང་ནས་ཞི་ཨན་བརྒྱུད་དེ་ཆུ་ཚོད་བཅུ་གཉིས་ནང་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར140ལ་འབྱོར་ཐུབ་པ་དང་།  ཆུ་ཚོད་གསུམ་ནང་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་སྲིད་འཛིན་གྲོང་ཁྱེར་དང་ཐད་གཏོགས་གྲོང་ཁྱེར་ཡོངས་རྫོགས་ངང་འབྲེལ་མཐུད་བྱེད་ཐུབ་ལ།  ཞི་ཨན་བར་བརྗེ་ས་ཚིགས་བརྒྱུད་ནས་ཀང་ཀྲུའུ་དང་ཧྲིན་ཀྲིན།  ཧྥུའུ་ཀྲུའུ། ཞ་མིན། ཧེ་ཁུའུ། ཀྲུའུ་ཧེ་བཅས་ལ་ཉིན་རེར་འགྲུལ་ཐེངས10ཡི་ཡན་དུ་སླེབས་ཡོད།  ཧྲིན་དབྱང་དང་ཧྭ་ཨར་པིན། ཁྲང་ཁྲོན།  ཏ་ལེན་སོགས་བྱང་ཤར་ཕྱོགས་ཀྱི་གྲོང་ཁྱེར་ལ་ཉིན་རེར་འགྲུལ་ཐེངས5ཡི་ཡན་ཡོད།  དེ་ལས་གཞན་ད་དུང་།  ནུབ་རྒྱུད་གནང་ཐང་སྡེ་ཚོགས་ཀྱིས་ཞི་ཨན་གྱི་འགྲུལ་ཐེངས་ཇེ་མང་དུ་བཏང་བ་ནས་བཟུང་།  OTAསྤྱི་སྟེགས་ཀྱིས་ཟི་ལིང་ནས་ཞི་ཨན་བར་བརྗེ་ས་ཚིགས་བརྒྱུད་ནས་ཀོང་ཏུང་དང་བྱང་ཤར།  ཧྥུའུ་ཅེན། ཀོང་ཞི། ནང་སོག་སོགས་ཕྱོགས་ཀྱི་གནམ་གྲུའི་འཛིན་བྱང་ལ་སྒོར200ཡི་གཟིགས་སྐྱོང་དངུལ་བཏང་བ་དང་།  ཤར་ཕྱོགས་མཁའ་འགྲུལ་གྱིས་འགྲུལ་ཐེངས་རེར་བར་བརྗེ་ས་ཚིགས་ཀྱི་དམིགས་གསལ་གཟིགས་སྐྱོང་འདུག་གནས30བཀོད་སྒྲིག་བྱས་ཏེ།  རྒྱུན་མཐུད་ངང་དམངས་ཕན་ཕྱིར་བསྐྱོད་ཐོན་རྫས་འདོན་སྤྲོད་བྱས།

གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་གྱི་ཟོང་འགྲུལ་ནུས་ཕྱོད་མཐོར་འདེགས་དང་།  ཟོང་འགྲུལ་མ་རྩ་ཇེ་ཉུང་དུ་གཏོང་ཆེད། མཚོ་སྔོན་གྱི་ཚོང་ཟོག་མཚོ་སྔོན་ཕྱི་རུ་བསྐྱོད་པར་གཞོགས་འདེགས་བྱས།  མཚོ་སྔོན་གནམ་ཐང་ཀུང་ཟིས་མ་དངུལ་བཏང་ནས་ནུབ་བྱང་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་མཁའ་འགྲུལ་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་ཟི་ལིང་གིས་རྒྱལ་སྤྱིའི་ཟོང་འགྲུལ་གནང་གྲུའི་སྒྲིག་རིམ་ཇུས་འགོད་དང་སྙན་སེང་བཀའ་འཁྲོལ་ལག་བསྟར་བྱེད་པ་ལེགས་འགྲུབ་བྱས། ཟླ11པའི་ཚེས17ཉིན།  ཐེངས་དང་པོར་ཟི་ལིང་ནས་ཁྲིན་ཏུའུ་དང་མཱན་ཀུའུ་བར་གྱི་ཟོང་འགྲུལ་གནམ་གྲུ་ཤར་གཏོང་བྱས་པ་དང་།  སྐྱེལ་འདྲེན་གྱི་ནུས་ལྡན་ཆུ་ཚོད་མིག་སྔའི་རྒྱལ་ནང་ནས་རྒྱལ་སྤྱིའི་གནམ་གྲུའི་ལྟོ་བ་རུ་དངོས་ཟོག་སྐྱེལ་འདྲེན་གྱི་རྣམ་པ་ཆུ་ཚོད12ཇེ་ཉུང་དུ་བཏང་ཡོད།  མཚ་སྔོན་གནམ་ཐང་ཀུང་ཟིས་ཟི་ལིང་ནས་ཡ་གླིང་ཤར་ལྷོའི་ས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་ཐུབ་པར་སྐུལ་འདེད་བཏང་བ་དང་།  སྐྱེལ་འདྲེན་གྱི་ནུས་ལྡན་དུས་ཡུན་དེ་ཆུ་ཚད་དྲུག་ཡས་མས་སུ་ཇེ་ཉུང་དུ་བཏང་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།