
གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་ཀྱི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ལས་ཞིང་སྡེའི་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ཁུངས་ལ་བརྟེན་ནས། རིམ་པ་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་ཐོན་ལས་ཕྲེང་སྦྲེལ་མཉམ་འདྲེས་འཕེལ་རྒྱས་འབུར་དུ་ཐོན་པར་བྱས་ཤིང་། ཐོན་ལས་ལས་གཞིའི་ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ལ། ཁེ་ཕན་འབྲེལ་མཐུད་དམ་ཟབ་ཀྱི་ཐོན་ལས་མ་ལག་བསྐྲུན་ནས། རོང་འབྲོག་མང་ཚོགས་ཀྱིས་ཡོང་འབབ་འཕར་བའི་ནང་གནས་སྒུལ་ཤུགས་རྒྱུན་མ་ཆད་པར་ཇེ་མཐོར་བཏང་བ་དང་། མིག་སྔའི་བར། གཙོ་ཁྲིད་ཁེ་ལས་དང་མཉམ་ལས་ཁང། རྟེན་གཞི་དང་དུད་ཁྱིམ་བཅས་མཉམ་འབྲེལ་རྣམ་པའི་ཚོང་གཉེར་བྱེད་ཐབས་བརྒྱུད་དེ། དུད་ཁྱིམ་འབུམ་གཅིག་ལ་ཉེ་བའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་དང་། ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་གཉིས་ལ་ཉེ་བ་མཁོ་འདོན་བྱས་ནས། མི་རེའི་ཆ་སྙོམས་ཡོང་སྒོ་ཕལ་ཆེར་སྒོར་ཁྲི་གཉིས་འཕར་སྣོན་བྱུང་།
མིག་སྔར། མཚོ་སྔོན་གྱིས་ནོར་གནག་དང་བོད་ལུག ལོག་དཀར། ནས། འཕང་འབྲས། འཁྱགས་གྲང་སྔོ་ཚལ་བཅས་ཁྱད་ལྡན་ཐོན་ལས་སྡེ་ཚོགས་དྲུག་དང་། ཞིང་ལས་ཐོན་ལས་ཀྱི་སྟོབས་ལྡན་གྲོང་རྡལ་ཉེར་གསུམ་བཙུགས་ཤིང་། ཚད་ལྡན་ཅན་གྱི་འདེབས་གསོ་དང་ཞིང་ཐོན་རྫས་ལས་སྣོན། འཁྱགས་སྦྲེལ་གསོག་ཉར་དངོས་རྒྱུག ཁྲོམ་རའི་ཕྱིར་འཚོང་། ཐོན་ལས་ཞིབ་སྤེལ། ཟོང་རྟགས་གསར་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རྫོང་སོ་ལྔར་ཁེབས་པ་དང་། སྡེ་ཁག་ཉིས་བརྒྱ་རེ་ལྔ་ཐོན་ལས་སྡེ་ཚོགས་དང་ཐོན་ལས་ཀྱི་སྟོབས་ལྡན་གྲོང་རྡལ་གྱི་ལས་གཞི་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ལ། དེའི་ཁྲོད་ལས་དོན་སྡེ་ཁག་ཉེར་དྲུག་དང་། ཁེ་ལས་བརྒྱ་དང་བརྒྱད་ཅུ། དེ་མིན་མཉམ་ལས་ཁང་ང་དགུ་བཅས་འདུས་ཡོད་དེ། གཙོ་ཁྲིད་ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་། ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ར་རྗེས་སུ་འབྲངས། ཞིང་བ་ཚང་མ་ཟབ་ཞུགས་བྱེད་པ་བཅས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པ་ཧུར་ཐག་གིས་བསྐྲུན་ཡོད།
ཞིང་ཆེན་ཡོངས་ཀྱིས་ཁོམ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ས་གནས་སོ་སོས་རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་དང་ཁུལ་གནས་ཀྱི་དགེ་མཚན། དམངས་སྲོལ་རིག་གནས་བཅས་ལ་བརྟེན་ནས། ཁོམ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དེ་ཞིང་ལས་ནུས་པ་རྒྱ་སྐྱེད་དང་གྲོང་གསེབ་ཀྱི་རིན་ཐང་སྔོག་འདོན། ཐོན་ལས་ལས་རྣམ་ཕུན་སུམ་ཚོགས་པར་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གཙོ་བོ་བརྩིས་ཡོད། 2025ལོར། ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་ཁོམ་གསེང་ཞིང་ལས་ཚོང་གཉེར་བདག་པོ་སྟོང་གཉིས་དང་དགུ་བརྒྱ་ཡོད་ལ། ལས་ཞུགས་མི་སྣ་ཁྲི་བདུན་དང་སྟོང་གཅིག་ཡོད་དེ། དེའི་ཁྲོད། རོང་འབྲོག་མང་ཚོགས་ལས་ཞུགས་མི་སྣ་ཁྲི་གསུམ་དང་སྟོང་དྲུག་ཡོད། སྔོན་དཔག་བྱས་ན་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཉིས་དང་ས་ཡ་དྲུག་སྣེ་ལེན་བྱས་པ་དང་། ལས་གཉེར་ཡོང་སྒོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་བདུན་དང་ས་ཡ་གཉིས་སླེབས་ཡོད་དེ། དེའི་ཁྲོད། ཞིང་ཟུར་ཐོན་རྫས་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ལ་སླེབས་པ་དང་། ལས་ཞུགས་མི་སྣའི་ལོ་རེར་མི་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི་གཉིས་དང་སྟོང་ལྔ་ལ་སླེབས།
དེ་ལས་གཞན། སྟོང་ཁྲིའི་ལས་གཞིའི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ལེགས་པོ་བྱས་ཤིང་། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་མི་འདང་ས་དང་ཞན་ས་འབུར་དུ་ཐོན་པར་བྱས་ཏེ། ཐོན་ལས་ལས་གཞིའི་རྒྱུ་ནོར་གྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་ཆེན་མོ་བཅུ་བེད་སྤྱོད་ལེགས་པོ་བྱས་པ་དང་། རོང་འབྲོག་མང་ཚོགས་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། འཛུགས་སྐྲུན་བརྒྱུད་རིམ་ཁྲོད་མང་ཚོགས་ཟབ་ཞུགས་བྱེད་པ་དང་འཛུགས་སྐྲུན་གྲུབ་འབྲས་མང་ཚོགས་ཀྱི་ཉམས་ལེན་བྱེད་པ། འཛུགས་སྐྲུན་ཕན་འབྲས་ཀྱིས་མང་ཚོགས་ལ་ཕན་ཁེ་ཐོབ་པར་བྱེད་པ་བཅས་ཀྱི་བྱ་བའི་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་། མིག་སྔའི་བར། སྦྲེལ་མཐུད་མ་དངུལ་དང་ཤར་ནུབ་རྒྱུད་མཉམ་ལས་སོགས་རིགས་མི་འདྲ་བའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་ལྔ་དངོས་འབེབས་བྱས་པ་དང་། ཁྱོན་བསྡོམས་གྲོང་གསེབ་ཀྱི་ཐོན་ལས་སྡེ་བ་སུམ་བརྒྱ་བཅོ་ལྔ་འཛུགས་སྐྲུན་བྱས།
ལྷ་མོ་འཚོས་བསྒྱུར།