མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱིས་རོང་འབྲོག་མང་ཚོགས་ཁྲི་གཉིས་ལྷག་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ11པའི་ཚེས21ཉིན། གསར་འགོད་པས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གྲུབ་འབྲས་བརྗོད་གཞིར་བྱས་པའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱས་པ་དང་། སྐྱེ་ཁམས་ཐོན་རྫས་རིན་ཐང་སྣ་མང་ཚུལ་སྒྱུར་རྐྱེན་སྲོལ་ལ་འཚོལ་ཞིབ་བྱས་ཤིང་། སྐྱེ་ཁམས་ཡུལ་སྐོར་དང་རང་བྱུང་སློབ་གསོའི་འཆར་འགོད་གཏན་འབེབས་བཟོ་བ་དང་། མང་ཚོགས་ཀྱི་ལས་ཞུགས་དང་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་ལ་སྐུལ་འདེད་བཏང་བ་བརྒྱུད་དེ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་བདེ་བསྐྲུན་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། དུད་ཁྱིམ་སྟོང་དྲུག་བཞི་བརྒྱ་ལྷག་གི་རོང་འབྲོག་མང་ཚོགས་ཁྲི་གཉིས་ལྷག་ལ་ཕན་ཐོགས་ཤིང་། མུ་མཐུད་དུ་སྐྱེ་ཁམས་ཕན་འབྲས་ཐོན་པར་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཁྱོན་བསྡོམས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བཏང་ནས་རིམ་སྤོར་ལས་གཞི་ལག་བསྟར་བྱས་པ་དང་། རིག་སྨོན་ནས་མཚོ་སྔོན་པོ་དང་། དེ་ནས་ཚྭ་ཁ་ཚྭ་མཚོའི་བར་གྱི་གཞུང་ལམ་འཛུགས་སྐྲུན་དང་ལྗོངས་ཁུལ་རྣམ་པ་གསར་སྒྱུར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་། མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་བཀོད་འདོམས་བཀོད་གཏོང་དང་སྐྱེ་ཁམས་དྲ་རྒྱའི་ཚོར་རྟོགས་ཚད་ལེན་དོ་དམ་རྨང་གཞིའི་སྟེགས་བུ་བསྐྲུན་ནས། ཁུལ་ཁོངས་གཙོ་བོའི་ཚད་ལེན་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། ལྗོངས་གཟིགས་གནས་དང་སྡེ་བའི་ཐུན་མོང་དཔལ་འབྱོར། དུད་ཁྱིམ་སོགས་ཀྱི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་བཙུགས་ཏེ། མིག་སྔར། ཚད་ལྡན་ཅན་གྱི་སྐྱེ་ཁམས་ལྗོངས་གཟིགས་གནས་དང་ལྟེ་བའི་ལྗོངས་ཁུལ་བཅུ་གཉིས་ཀྱིས་མཚོ་སྐོར་ས་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་བརྒྱད་ཀྱི་སྡེ་བ་ཉི་ཤུ། དུད་ཁྱིམ་སྟོང་དྲུག་དང་བཞི་བརྒྱའི་རོང་འབྲོག་མང་ཚོགས་ཁྲི་གཉིས་ལྷག་གི་སྣེ་ཁྲིད་དེ་ཐད་ཀར་དང་བརྒྱུད་པའི་ཁེ་ཕན་ཐོབ་པར་བྱས་ཤིང་། མི་སྟོང་གཅིག་ལྷག་གི་ལས་ཞུགས་ཐག་གཅོད་བྱས།

མཚོ་སྐོར་ནས་སྐྱེ་ཁམས་ལྟ་སྲུང་པ་སྟོང་གཉིས་དང་དགུ་བརྒྱ་སོ་གཅིག་གི་ལས་གནས་བཀོད་སྒྲིག་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དང་བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ། རྨོ་བསྐྱར་བརླན་གསོའི་མ་དངུལ་ཁ་གསབ་རོགས་སྐྱོར་བཅས་སྒོར་བྱེ་བ་བདུན་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་གསུམ་དངོས་འབེབས་བྱས་ཏེ། མང་ཚོགས་དུད་ཁྱིམ་སྟོང་བཞི་དང་བརྒྱ་དང་དྲུག་ལ་ཕན་པ་ཐོབ། 

ད་ལོའི་ཚུན་ལ། མཚོ་སྐོར་ཁུལ་ཁོངས་ཀྱི་སྐྱེ་ཁམས་ལྗོངས་གཟིགས་གནས་བཅུ་གཉིས་ཀྱིས་ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བདུན་དང་སྟོང་བཞི་དགུ་བརྒྱ་ལ་སླེབས་ནས། ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་འབུམ་བདུན་དང་ཁྲི་བརྒྱད་སྟོང་གཉིས་དང་དྲུག་བརྒྱར་སླེབས་པ་དང་། ལོ་སྔོན་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ལྔ་དང་བརྒྱ་ཆའི་བཅུ་བདུན་འཕར་ཡོད། མང་ཚོགས་ཀྱིས་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་ཡུལ་སྐོར་ཞབས་ཞུའི་ལས་ཞུགས། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་། ཁེ་སྤོགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གཏན་འཇགས་ཀྱི་ཡོང་འབབ་བླངས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་ཚོང་གཉེར་རྣམ་པ་གསར་བ་དང་ཡུལ་སྐོར་གྱིས་མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་གསར་བ་བཏོད།

ལྷ་མོ་འཚོས་བསྒྱུར།