ཀོང་ཞི་ཡིས་རྒྱལ་ཁབ་ཀྱི“མངར་ཆུ”བརྟན་པོར་སྲུང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། ཀོང་ཞི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་སྤུས་ལེགས་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱེད་པར་སྟོབས་ཤུགས་ཕུལ་ཡོད།

ཀོང་ཞི་ཡིས་རྒྱལ་ཁབ་ཀྱི“མངར་ཆུ”བརྟན་པོར་སྲུང་ཡོད།

མིག་སྔར། ཀོང་ཞིའི་བུར་ཤིང་འབྲས་བུ་བསྡུ་བའི་དུས་ཚིགས་ལ་སླེབས་ཡོད། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་བརྔ་བསྡུ་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་། གསར་དུ་བརྔ་བསྡུ་བྱས་པའི་བུར་ཤིང་དག་རླངས་འཁོར་མང་པོར་བརྩིགས་ནས་ཀ་རའི་བཟོ་གྲྭར་སྐྱེལ་འདྲེན་བྱས་ཏེ། ཀ་རའི་ཟས་རིགས་སྣ་ཚོགས་ལས་བཞིན་འདུག ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། ཀོང་ཞིའི་མངར་ཆའི་བུར་ཤིང་འདེབས་རྒྱ་མུའུ་བྱེ་བ་གཅིག་དང་ས་ཡ་གཅིག་གི་ཡན་དུ་བརྟན་པོར་གནས་ཡོད་པ་དང་། ཀ་རའི་ཟས་རིགས་ཀྱི་ཐོན་ཚད་ཏུན་ས་ཡ་དྲུག་ཡས་མས་སུ་བརྟན་པོར་གནས་ཡོད་པས། རང་རྒྱལ་གྱི་མངར་ཆའི་འདེབས་འཛུགས་རྟེན་གཞི་དང་མངར་ཆའི་ཐོན་ཁུལ་ཆེ་ཤོས་སུ་གྱུར་ཡོད།

བུར་ཤིང་རྐང་གཅིག་ཇི་ལྟར“གཙང་མར་བཙགས”དགོས་སམ། ཀོང་ཞི་ཡིས་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བཞིན་ཡོད། ལའེ་པིན་གྲོང་ཁྱེར་དུ་ཡོད་པའི་སྐྱེ་དངོས་ཚན་རྩལ་ཀུང་སི་ཞིག་གིས་ཀ་ར་བཟོས་རྗེས་ཀྱི་བུར་སྙིགས་ཞིབ་འཇུག་དང་གསར་སྤེལ་བྱས་ཏེ། བཞུ་འགྱུར་ཐུབ་པའི་ཤོག་བུའི་ཟས་སྣོད་བཟོས་ཡོད་པ་དང་། དེ་དང་ཆབས་ཅིག་བུར་ཤིང་གི་སྙིགས་རོ་ཐག་གཅོད་བྱེད་པའི་དཀའ་གནད་སེལ་བས། ཐོན་རྫས་ལ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་ཡོད།

ཀོང་ཞིའི་ལྗང་མདོག་མཉམ་འབྲེལ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་དོ་དམ་མི་སྣ་སུང་ཁྲའོ་ཡིས་བཤད་རྒྱུར།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མ་འོངས་པར་ང་ཚོས་མུ་མཐུད་ནས་བུར་ཤིང་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གཏིང་ཟབ་ཏུ་བཏང་སྟེ། བུར་ཤིང་གི་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ད་ལྟ། ཀོང་ཞི་ཡི་མངར་ཆའི་བུར་ཤིང་ཐོན་ལས་སྦྲེལ་ཐག་དེ་ཀ་ར་ཁོ་ན་བཟོ་བ་ནས། ཕྱོགས་བསྡུས་བེད་སྤྱོད་དང་ལས་སྣོན་ཞིབ་ཚགས་བྱེད་པའི་སྣ་མང་ཅན་གྱི་རྣམ་པ་ཞིག་ཏུ་ཁ་ཕྱོགས་ཡོད་པ་དང་། ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་པའི་ཕབ་རྩི་དང་སྐྱེ་དངོས་ལུད་རྫས། རིམ་འདས་སོལ་བ་སོགས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་རྫས་རིགས30ལྷག་ལ་སླེབས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། གོ་རིམ་རྗེས་མར་ཀོང་ཞི་ཡིས་མངར་ཆའི་ལས་རིགས་དེ་མཐོ་རིམ་ཅན་དང་ལྗང་མདོག་ཅན། རིག་ནུས་ཅན་བཅས་སུ་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ཀོང་ཞིའི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་མངར་ཆའི་ཐོན་ལས་མཐུན་སྦྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ལེ་ཁྲིན་པའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ནི་རང་རྒྱལ་གྱི་བུར་ཤིང་ཐོན་ཁུལ་གཙོ་བོ་ཡིན་པས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་ཀྱིན་ཡོད་པ་དང་། ཀོང་ཞི་ཡིས་བུར་ཤིང་སྤུས་ལེགས་ཀྱི་ཐོན་ལས་སྦྲེལ་ཐག་ལེགས་སྒྲུབ་ཀྱིས་རྒྱལ་ཁབ་ཀྱི“མངར་ཆུ”བརྟན་སྲུང་བྱས་ཏེ།“ཞིམ་མངར་ལྡན་པའི་ལས་དོན”འདིར་བཀྲག་མདངས་གསར་པ་མངོན་པར་བྱེད་དགོས་ཟེར།