
ཟླ12པའི་ཚེས5ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ། རྨ་ལྷོ་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། འགྲིམ་འགྲུལ་དང་། ཆུ་བེད། ཆ་འཕྲིན་ཅན་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་གཅིག་བསྡུས་འགག་སྒྲོལ་ལ་དམིགས་ཏེ། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་དྲུག་དུང་ཕྱུར་བདུན་བྱེ་བ་གཉིས་བཏང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱིས་སྤུས་ཚད་ཀྱི་མཆོང་སྐྱོད་མངོན་འགྱུར་དང་། དམངས་འཚོའི་མི་འདང་ས་གསབ་ཅིང་། འཕེལ་རྒྱས་ཀྱི་འགག་གནད་སེལ་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་གཏན་གྱི་སྒུལ་ཤུགས་བསྣན།
འགྲིམ་འགྲུལ་འགྲོ་བསྐྱོད་ཀྱི་སྟབས་བདེ་རང་བཞིན་ལས་དམངས་འཚོ་ལེགས་བཅོས་བཏང་བར་བདེན་དཔང་བྱས་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། རྨ་ལྷོའི་དམངས་བཀོལ་གནམ་གྲུ་ཐང་གི་ས་གནས་གདམ་པར་དངོས་སུ་ཆོག་མཆན་ཐོབ་པ་དང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་རྨ་ལྷོའི་ལམ་དུམ་དང་། ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་ལམ་སོགས་ལས་གཞི་གལ་ཆེན་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། མང་ཚོགས་ཕར་འགྲོ་ཚུར་འོང་གི་བགྲོད་ལམ་བཀག་མེད་ཡོང་བར་བྱས།
ཆུ་བེད་སྒྲིག་ཆས་ཀྱི་འདེགས་སྐྱོར་བརྟན་པོས་དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་སྲ་བརྟན་དུ་བཏང་། བཙན་མོ་ཆུ་མཛོད་ཀྱི་ཆུ་འདྲེན་བཟོ་སྐྲུན་དང་། གླིང་རྒྱའི་ཆུ་མཛོད་ཀྱི་བཟོ་སྐྲུན། རོང་བོ་དགུ་ཆུའི་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་སོགས་གཅིག་རྗེས་གཉིས་མཐུད་དུ་ལེགས་འགྲུབ་བྱུང་ཞིང་། ཆུ་ལོག་འགོག་པ་དང་ཆུ་འདྲེན་རྒྱ་ཁྱོན་བསྡོམས་པས་སྤྱི་ཆིང་སྟོང་ལྔ་བཞི་བརྒྱ་རེ་དྲུག་དང་གྲངས་ཆུང་དྲུག་བདུན་རྒྱ་སྐྱེད་བཅོས་སྒྱུར་བཏང་། སྡེ་བ21གི་ཆུ་གཙང་སྒྱུར་བཟོ་གྲྭ་བཀོལ་སྤྱོད་བྱས་ནས། ཁུལ་ཡོངས་ཀྱི་རང་འབབ་ཆུའི་ཁྱབ་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས་པ་དང་། གྲོང་ཁྱེར་གྱི་སྤྱི་བའི་ཆུ་འདོན་སྤྲོད་ཀྱི་ཁྱབ་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་བརྒྱད་གཅིག་ལ་སླེབས་ཤིང་། རྩེ་ཁོག་དང་ཧི་ནན་རྫོང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་དམིགས་ཚད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།
ཆ་འཕྲིན་ཅན་གྱི་མྱུར་ཚད་ཀྱིས་གྲོང་གསེབ་འཕེལ་རྒྱས་ཐད་གསོན་ཤུགས་རྒྱས་སུ་བཅུག རྨ་ལྷོ་ཁུལ་གྱི་རིག་ནུས་དམངས་ཆེན་དང་བདེ་འཇགས་ཐུན་རིན་གྱི་རིག་ནུས་གྲོང་ཁྱེར། ཀྲུང་གོའི་འབྲེལ་འཕྲིན་མཚོ་སྔོན་རྨ་ལྷོའི་ལྗང་མདོག་རྩིས་ནུས་ཐོན་སྐྱེད་བཀོད་གཏོང་ཐོག་ཁང་སོགས་ལས་གཞི་སྔ་གཞུག་ཏུ་དོན་འཁྱོལ་བྱས་པས། གཞི་གྲངས་གྲོང་གསེབ་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དུ་བཏང་། མིག་སྔར། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ24དང་། སྲིད་འཛིན་སྡེ་བ260གཞི་གྲངས་གྲོང་གསེབ་ཀྱི་སྟེགས་བུའི་ཁྲོད་ཞུགས་ཡོད་ལ། སྲིད་འཛིན་སྡེ་བ262གྱིས4Gདྲ་བའི་ཡོངས་ཁེབས་རྣམ་པ་མངོན་འགྱུར་བྱུང་ཞིང་། མཁར་གྲོང་གཙོ་བོ་དང་གྲོང་རྡལ་ཡུལ་ཚོ་རུ5Gདྲ་བའི་བརྡ་རྟགས་ཡོངས་སུ་ཁེབས་ནས། གྲོང་གསེབ་ཀྱི་གཞི་གྲངས་བར་སྟོང་མུ་མཐུད་ཇེ་ཆུང་དུ་གཏོང་བཞིན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།