མཚོ་སྔོན་གྱི་ཚན་རྩལ་བཅོས་སྐྱོང་བཅོས་སྒྱུར་གྱིས་གསར་གཏོདལ་སྐུལ་སློང་ཆེན་པོ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ12པའི་ཚེས10ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རབ་དང་རིམ་པ་ལས་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ལ་དམ་པོར་དམིགས་ཏེ། ཚན་རྩལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་དོ་དམ་བཅོས་སྒྱུར། རང་བདག་གསོ་སྐྱོང་། གྲུབ་འབྲས་ཚུལ་སྒྱུར། སྐུལ་ལྕག་ལམ་སྲོལ་སོགས་ཀྱི་ཐད་ནས་ཐོལ་བརྒལ་རབ་དང་རིམ་པ་བྱུང་བར་བརྟེན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཀུན་ནས་རྒྱས་པར་བྱས།

ཚན་རྩལ་གསར་གཏོད་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཀྱི “བཅོས་སྒྱུར་དང་མེད་པར་བཟོ་བའི”ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། རྨང་གཞིའི་ཞིབ་འཇུག་དང་གྲུབ་འབྲས་ཚུལ་སྒྱུར། ཁེ་ལས་གསོ་སྐྱོང་སོགས་གནད་འགག་ལས་རིམ་ལ་དམིགས་ནས། གནད་འཁེལ་ཅན་དང་བར་ཁྱད་ཅན། འགུལ་རྣམ་ཅན་བཅས་ཀྱི་སྲིད་ཇུས་རྒྱབ་སྐྱོར་མ་ལག་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་འགན་སྲུང་བརྟན་པོ་མཁོ་འདོན་བྱས།

སྲིད་བསྡུ་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་བརྟེན། ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་དོ་དམ་མ་ལག་སྔར་ལས་ཇེ་ལེགས་སུ་སོང་ཡོད། ཚན་རྩལ་ལ་བྱ་དགའ་སྟེར་བའི་ལམ་ལུགས་དང་འགྲན་རྩོད་ལ་བརྟེན་ནས་ལེགས་འདེམས་བྱེད་པ་སོགས་ཀྱི་རྣམ་པ་གསར་པའི་ལས་གཞི་རྩ་འཛུགས་བྱས་ཏེ་ཁྱབ་སྤེལ་བཏང་བ་བརྒྱུད། ཁྲོམ་རར་ཁྲིད་སྟོན་བྱེད་ཐུབ་པའི་ལས་གཞི་འཛུགས་པར་མཁོ་བའི་ལམ་སྲོལ་གྲུབ་པར་བྱས། ཚན་རིག་ཞིབ་འཇུག་གྲོན་དངུལ་གྱི“འགན་གཙང་སྤྲོད་པའི་ལམ་ལུགས”ཀྱི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ་དང“ནོར་དོན་ལས་རོགས་”ལམ་ལུགས་ཁྱབ་གདལ་གཏོང་བ། ལས་གཞིའི་སྙན་ཞུའི་རྣམ་པ་ཡི“ལྡོག་ཕྱོགས་ཀྱི་གསལ་ཐོ”དང་ཞིབ་བཤེར་དུས་ཚོད་ཀྱི“ཁས་ལེན་ལམ་ལུགས”ཞིབ་བཤེར་བྱེད་པ་བཅས་ལག་བསྟར་བྱས་ཏེ། ཚན་རིག་ཞིབ་འཇུག་མི་སྣའི་ཁུར་པོ་མངོན་གསལ་སྒོས་ཇེ་ཡང་དུ་བཏང་བ་དང་། གསར་གཏོད་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།