
ཟླ12པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་འགན་སྲུང་འཆར་འགོད་དོ་དམ་གཞུང་ལས་ཁང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་ལོང་བའི་མཐུན་ཚོགས་བཅས་དང་མཉམ་འབྲེལ་བྱས་ཏེ། དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད། སྤྱི་ཚོགས་འགན་སྲུང་བྱང་བུ་དུས་རྒྱུན་སྤྱོད་ཅེས་པའི་དགུན་ཁར་དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ། དབང་པོ་སྐྱོན་ཅན་དང་དང་བླངས་པ80ཙམ་ཐེངས་འདིའི་བྱེད་སྒོའི་ཁྲོད་ཞུགས་ནས། སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་ཞབས་ཞུ་ལས་བྱུང་བའི་སྟབས་བདེ་དང་དྲོད་ཁོལ་ལ་མཉམ་དུ་ལོངས་སྤྱོད་བྱས།
ད་ཐེངས་ཀྱི་བྱེད་སྒོ་དེ་སྤྱི་ཚོགས་འགན་སྲུང་བྱང་བུའི་དམངས་ཕན་ཞབས་ཞུའི་ཟླ་རེའི“སྤྱི་ཚོགས་འགན་སྲུང་བྱང་བུས་གྲོང་མིར་ཞབས་ཞུ་བྱས་ནས་དམངས་ལ་སྟབས་བདེ་བསྐྲུན་པའི”བརྗོད་དོན་དང་དམ་པོར་སྦྲེལ་ཏེ། དབང་པོ་སྐྱོན་ཅན་ཚོགས་སྤྱིའི་སྤྱི་ཚོགས་འགན་སྲུང་བྱང་བུའི་བེད་སྤྱོད་ཁྲོད་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས། བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་མཉམ་འགུལ་བྱས་པ་བརྒྱུད། སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུ་དེ་དམིགས་བསལ་ཚོགས་སྤྱིའི་ཕྱོགས་སུ་སྔར་ལས་ཁྱབ་གདལ་གཏོང་རྒྱུར་རོགས་རམ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར། རང་རེའི་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་མི་སྣས་སྤྱོད་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་འགྲེམས་སྤེལ་བྱས་པ་ནས་བཟུང་། དབང་པོ་སྐྱོན་ཅན་ཁྲི13ལ་ཆེད་སྤྱོད་སྤྱི་ཚོགས་འགན་སྲུང་བྱང་བུ་བྱིན། བྱང་བུ་དེ་ནི་དབང་པོ་སྐྱོན་ཅན་མི་སྣས་མི་ཤུགས་དང་སྤྱི་ཚོགས་ཀྱི་ལས་སྒོ་ཁག་སྒྲུབ་པའི་ཐོབ་ཐང་དཔང་ཡིག་ཡིན་པར་མ་ཟད། རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལེན་པ་དང་དབང་པོ་སྐྱོན་ཅན་ལ་ཁ་གསབ་སྤྲོད་པ། སྨན་བཅོས་འགན་སྲུང་གི་བསྡོམས་རྩིས་བསྒྲུབ་པ། དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་བྱེད་པ་བཅས་ཀྱི་དཔང་ཡིག་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཚོགས་འགན་སྲུང་བྱང་བུ་ནི་དབང་པོ་སྐྱོན་ཅན་མི་སྣའི་དུས་རྒྱུན་འཚོ་བ་དང་སྲིད་ཇུས་ཕན་བདེ་ལོངས་སྤྱོད་བྱེད་པའི་དམངས་འཚོའི་བྱང་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་འདི་ནི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུ་དེ་དམིགས་བསལ་ཚོགས་སྤྱིར་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་གདལ་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། རང་རེའི་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུའི་གྲོང་མིར་ཞབས་འདེགས་ཞུ་བའི“བྱང་བུ་གཅིག་གིས་ཡོད་ཚད་བསྒྲུབ་ཐུབ་པའི”འཛུགས་སྐྲུན་ཟབ་སྤེལ་གཏོང་བ། དམངས་ཕན་དང་དམངས་ལ་སྟབས་བདེ་ཡོང་བར་བྱེད་པའི་རང་མདངས་མངོན་པར་གསལ་བ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཤིག་ཀྱང་ཡིན་པར་བརྟེན། དབང་པོ་སྐྱོན་ཅན་ཚོགས་པས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ། སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུར་ངོས་འཛིན་བྱེད་ཚད་དང་དེ་ལས་ཐོབ་པའི་སྐྱིད་སྣང་མངོན་སུམ་སྒོས་ཇེ་ཆེར་གཏོང་ཐུབ་པར་ཐེ་ཚོམ་མེད་དོ། །
བན་དེ་སྐྱབས་ཀྱིས་བསྒྱུར།