
ཟླ12པའི་ཚེས13ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་བྱ་བའི་བྱེད་ཐབས་གསར་གཏོད་དང་མཐུན་སྦྱོར་ཁྱབ་ཁོངས་རྒྱ་བསྐྱེད་དེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་བསྣན། ཅང་སུའུ་ཡིས་མཚོ་སྔོན་གྱི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་གཉིས་ལས་ཞུགས་བྱེད་པར་རོགས་སྐྱོར་བྱས་པ་དང་། དེ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་ལྡབ1.5རེད། རིན་གོང་སྒོར་ཐེར་འབུམ་གཉིས་དང་བྱེ་བ་གཅིག་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་རོགས་བྱས་པ་དང་། དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ལྡབ་ལྔ་ཡིན་ལ། ཅང་སུའུ་དང་མཚོ་སྔོན་གྱི་མཐུན་སྦྱོར་ཁྱབ་ཁོངས་ཀྱང་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་གཉིས་དང་རྫོང་དགུ་ནས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་བཅོ་ལྔར་རྒྱ་བསྐྱེད།
ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་རང་རྟོགས་སྒོས་ཅང་སུའུ་ཕྱོགས་དང་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་བསྣན་པ་དང་། ཅང་སུའུ་ཡི་མ་དངུལ་ཐོན་ཁུངས་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཤིང་། མཐུན་སྦྱོར་བྱ་བའི་ལས་འགན་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ2020ལོའི་སྒོར་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་ནས2024ལོའི་སྒོར་ཁྲི་གཅིག་དང་སྟོང་དྲུག་བདུན་བརྒྱར་ཇེ་མང་དུ་འགྲོ་བ་དང་། ཞིང་ཕྱུགས་ཐོན་རྫས་ཚོང་རྫས་སུ་བསྒྱུར་ཚད2020ལོའི་བརྒྱ་ཆའི་ང་བརྒྱད་ནས་བརྒྱ་ཆའི་རེ་བཞིར་ཇེ་མཐོར་འགྲོ་བར་རོགས་འདེགས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཐད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། དེའི་ནང་ཁྱད་ལྡན་ཐོན་ལས་མཐོར་འདེགས་འགུལ་སྐྱོད་དང་ཐོན་ལས་ཁྱུ་ཚོགས་བསྐྲུན་པའི་འགུལ་སྐྱོད་སྤེལ་ཏེ་ཐོན་ལས་སྣ་གཅིག་གི་མཐུན་སྦྱོར་རོགས་ལས་དེ་ཐོན་ལས་མུ་ཕྲེང་ཡོངས་ཀྱི་མཐུན་སྦྱོར་རོགས་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། སྲོལ་རྒྱུན་ཞིང་ཕྱུགས་ཐོན་རྫས་ནུས་ཁུངས་གསར་པ་དང་ལྗང་མདོག་རྩིས་ནུས། སྐྱེ་ཁམས་ཡུལ་སྐོར་སོགས་སྣ་མང་ཐོན་ལས་ཕྱོགས་སུ་རྒྱ་བསྐྱེད་དེ་ཁྱད་ལྡན་ཐོན་ལས་དང་ཐོན་ལས་ཁྱུ་ཚོགས་སྐོར་ཞིག་གསོ་སྐྱོང་བྱས། ཅང་སུའུ་ཡི་ཁེ་ལས་བརྒྱ་དང་བཅོ་བརྒྱད་སྔ་གཞུག་ཏུ་མཚོ་སྔོན་དུ་རྐང་ཚུགས་པར་བྱས་ནས་མི་སྟོང་དྲུག་ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལས་བརྒལ། ཧོང་ཀྲུང་ཞི་པའོ་ཡི་བ་མོ་དང་ཐུན་རིན་གྱི་བྱ་སྒོང་། ཡུས་ཧྲུའུ་ཡི་འབྲོང་ཚ་སོགས་ཐོན་ལས་ལས་གཞི་ཡང་བསྐྱར་བཀོལ་སྤྱོད་བྱས་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་མཐུན་སྦྱོར་རོགས་ལས་མ་དཔེ་རུ་གྱུར་ནས་མཚོ་སྔོན་གྱི་གྲོང་གསེབ་ཐོན་ལས་དར་སྤེལ་ཐད་རྨང་གཞི་བརྟན་པོ་བཏིངས།
སློབ་གསོ་དང་སྨན་བཅོས་སོགས་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཚད་ཆེན་པོས་མཐོར་འདེགས་བྱུང་སྟེ་དངོས་གཞིའི་མཐོ་རིམ་སློབ་གྲྭ་གཉིས་ཀྱིས་སློབ་མ་བསྡུ་བཞིན་ཡོད་པ་དང་། རྒྱང་བསྟེན་སྨན་བཅོས་དང་ཡུལ་གཞན་དུ་སློབ་སྒྲུབ་བྱེད་པ་སོགས་བྱེད་ཐབས་ཀྱིས་མཚོ་སྔོན་གྱི་མང་ཚོགས་རྣམས་ལ་ཅང་སུའུ་ཡི་སྤུས་ལེགས་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་བཅུག ལྷན་སྐྱེས་སྙིང་ནད་སོགས་སྐྱོབ་བཅོས་འགུལ་སྐྱོད་སྤེལ་ནས་བསྡོམས་པས་ནད་པ་སྟོང་གཉིས་དང་ལྔ་བརྒྱ་དཀའ་ཁག་ལས་ཐར་དུ་བཅུག་པ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཁྲི་གཉིས་ཀྱིས་བརྟན་འཇགས་ལས་ཞུགས་མངོན་འགྱུར་བྱས་ལ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་བཏང་སྟེ་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་མངོན་གསལ་ཇེ་དྲག་ཏུ་གྱུར།
དེ་དང་མཉམ་དུ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ཡུལ་སྐོར་བརྗེ་རེས་དང་སྤྱི་ཕན་ལས་གཞི་སོགས་རྣམ་པ་སྣ་མང་བརྒྱུད་དེ་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱི་མང་ཚོགས་ཀྱིས་བརྗེ་རེས་འབྲེལ་འདྲིས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ནས་ཅང་སུའུ་དང་མཚོ་སྔོན་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་མི་སེམས་སུ་སིམ་པར་བྱས། ཅང་སུའུ་ཡི་ཡུལ་སྐོར་པ་ས་ཡ་གསུམ་མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་བ་དང་། དེས་ཞིང་ཆེན་ཕྱིའི་ཡུལ་སྐོར་གྱི་བརྒྱ་ཆའི་བཅུ་དང་གྲངས་ཆུང་བཞི་འཕར་ནས་རིག་གནས་ཡུལ་སྐོར་མཉམ་བསྲེས་དེ་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་འབྲེལ་ཟམ་གལ་ཆེན་དུ་གྱུར་བ་དང་། ལག་ལེན་དངོས་ཀྱི་ཁྲོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཐད་སྒུལ་ཤུགས་གསར་པ་བསྣན།
ལྷ་མོ་ཚེ་རིང་གིས་བསྒྱུར།