དྲིན་ཆེན་ཆུ་མཛོད་འཛུགས་སྐྲུན་བྱེད་འགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 4

ཟླ12པའི་ཚེས11ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་ཆུ་མཛོད་ཀྱི་ལས་འགོ་རྩོམ་པའི་མཛད་སྒོ་བསྡུས།

ཤེས་རྟོགས་བྱུང་བ་ལྟར་ན།     དྲིན་ཆེན་ཆུ་མཛོད་ནི་ཁྲི་འདུ་རྫོང་ཡར་ལུང་ཆུ་བོའི་སྟོད་རྒྱུད་རྫ་ཆུའི་གཡས་འགྲམ་གྱི་རིམ་པ་དང་པོའི་ཆུ་ལག་ཏུ་གནས་པ་དང་།     ལས་གྲྭ་ནི་རིམ་པ་བཞི་པའི་ཆུ་མཛོད་ཆུང་ངུ་ཡིན་པ་དང་།     སྤྱིའི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་ས་ཡ་གཉིས་སུམ་ཁྲི་དྲུག་སྟོང་ཡོད་པ་དང་། རགས་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་གཅིག་དྲུག་འབུམ་བཞི་ཁྲི་དགུ་སྟོང་བཞི་བརྒྱ་གཏོང་དགོས།     ལས་གྲྭའི་འཛུགས་སྐྲུན་ནང་དོན་གཙོ་བོར་ཆུ་རགས་དང་ཆུ་ལོག་བཤང་ལམ་སོགས་ཚུད་ཡོད་པ་དང་། ཆུ་རགས་ཆེ་ཤོས་ཀྱི་མཐོ་ཚད་སྨི30.8དང་ཨར་ལས་ཀྱི་སྤྱིའི་ལས་ཡུན་ཟླ42ཡིན།     ལས་གཞི་བསྐྲུན་ཚར་རྗེས་ཁྲི་དབང་གྲོང་རྡལ་དང་དྲིན་ཆེན་གྲོང་རྡལ་གྱི་མང་ཚོགས་ཉིས་ཁྲི་ལྔ་སྟོང་ཉིས་བརྒྱ་དང་དེ་བཞིན་སྒོ་ཕྱུགས་དགུ་ཁྲི་དྲུག་སྟོང་གི་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། རྫོང་མཁར་མཐའ་འཁོར་གྱི་སྐམ་ཞིང་སྤྱི་ཆིང་རེ་དྲུག་གྲངས་ཆུང་དྲུག་བདུན་ལ་ཆུ་གཏོང་བར་འགན་སྲུང་བྱེད་ཐུབ་རྒྱུ་རེད།

དྲིན་ཆེན་ཆུ་མཛོད་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནི་ཡུས་ཧྲུའུ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་ལག་ལེན་གཏིང་ཟབ་བྱེད་པའི་གཞི་འཛིན་ས་ཞིག་ཡིན་ལ།     ས་ཁོངས་ཀྱི་ཆུ་མཁོ་འདོན་བདེ་འཇགས་ཀྱི་འགོག་སྲུང་སྲ་བརྟན་དུ་གཏོང་བ་དང་།     ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།    ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཡུས་ཧྲུའུ་ཁུལ་གྱིས་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཏན་ཏིག་གིས་ལག་བསྟར་བྱས་ཏེ། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་དང་།     བདེ་འཇགས་འགག་སྒོ།     མྱུར་ཚད་འགག་སྒོ་བཅས་ནན་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གཞི་སྔ་ཙམ་ནས་བསྐྲུན་རྒྱུ་དང་།   སྔ་ཙམ་ནས་བེད་སྤྱོད་གཏོང་རྒྱུ།    སྔ་ཙམ་ནས་དམངས་ལ་ཕན་ཐོགས་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།